ཡུམ་གྱི་བསླབ་བྱ།

གྲགས་སྐྱིད།        2020-06-22

ལོ་རྒྱུས་ཀྱི་གསང་བ་རེ་རེའི་ནང་དུ་འོད་ལམ་ལམ་དུ་འཚེར་བཞིན་པ་ནི་ཁྱེད་ཡིན་ལ། བུ་ཕྲུག་རྣམས་ཀྱི་རེ་བའི་སོ་ཁ་ན་འཇམ་དུང་དུང་དུ་གནས་པའང་ཁྱེད་ཡིན། ཁྱེད་ཀྱི་ཁོག་པ་རུ་ཀྲོང་ངེར་འགྲེང་བའི་སེམས་ཀྱི་ཞིང་ཁམས་ན། ཆུ་བུར་མིག་གི་མཐོང་ལམ་ལས་བརྒལ་བའི་སྙིང་རྗེའི་དཔལ་དང་། རྗོད་བྱེད་ངག་གིས་བཤད་མི་ཚར་བའི་བྱམས་བརྩེའི་སྟོབས་ཡོད།

དཔྱོད་ཤེས་ཀྱི་ཨ་མ་དེས་ང་ལ། སྔར་ནི་སྨོན་ལམ་བཟང་པོ་ཞིག་གིས་ཆོས་ལྡན་ས་ལའི་སྨན་ལྗོངས་འདིར་སྐྱེས་རུང་། ཆོས་དགེ་བ་བོར་ན་མི་ལུས་ཕྱེད་པོ་དང་། རང་གི་ཕ་སྐད་བརྗེད་ན་མི་ལུས་དོན་མེད་ཡིན་གསུངས། རླབས་ཆེན་གྱི་ཨ་མ་དེས་ང་ལ། སྤྱིར་བུད་མེད་ནི་རླབས་ཆེན་ཞིག་ཡིན་ཏེ། འཛམ་གླིང་འདིའི་སྟེང་གི་མི་མཐོ་དམའ་དང་མཁན་སྤྲུལ་ཡོད་ཚད་བྱམས་པའི་བརྩེ་བས་བསྐྱངས་ཤིང་འཇིག་རྟེན་འདིར་དྲོད་ཁོལ་གནང་། འོན་ཀྱང་རང་ཉིད་རང་གིས་མ་གཅེས་ན། གཞན་གྱི་བྲན་དང་འཇིག་རྟེན་འདིའི་ཆེས་ཁྲེལ་མེད་ཀྱི་མི་རུ་ཡང་འགྱུར་སླ་ཟེར། ཤེས་ལྡན་གྱི་ཨ་མ་དེས་ང་ལ། མི་རིགས་ཤིག་ཆགས་དགོས་ན་དེ་སྐད་དང་ཡི་གེར་རག་ལས་ཡོད་ལ། ད་ལྟའི་དུས་སྐབས་འདིར་ཡི་གེ་ནི་མངོན་གསལ་དོད་པོས་ང་ཚོའི་འཚོ་བ་དང་སྤྱོད་ལམ་བར་ནས་དལ་གྱིས་ཡལ་ཞིང་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད། དེ་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་བྱེད་པའི་འོས་འགན་ནི་ཁྱོད་ལ་ལོས་ཡོད་དེ། ཁྱོད་ནི་བོད་མི་རིགས་ཀྱི་གདུང་འདེགས་ཀྱི་ཀ་བ་ཡིན་པའི་ཕྱིར།

ཡུམ་ཆེན་ཁྱེད་ནི་ང་ལ་མཚོན་ན། འཇིག་རྟེན་འདིའི་ཆེས་རླབས་ཆེ་བའི་བསམ་གཞིགས་མཁན་དང་ཆེས་ཕུལ་དུ་བྱུང་བའི་ཤེས་ལྡན་པ། མི་རིགས་འདིའི་ཆེས་ཕུལ་དུ་བྱུང་བའི་ལེགས་ཉེས་འབྱེད་མཁན། ཆེས་ལ་རྒྱ་ཅན་གྱི་མི་རིགས་ཤིག་གི་དཔའ་མོ་དེ་ཡིན། ཁྱེད་ཀྱི་རྒྱུད་ཀྱི་སྤྱོད་པ་དེ་དག་ནི་ངས་ཆེས་བླངས་ན་འཚམས་པའི་བསླབ་བྱ་དེ་ཡིན།

ཡུན་ཆེན་ལགས། ང་ནི་ཁྱེད་ཀྱི་བྱམས་བརྩེའི་དྲོད་ཁོལ་དང་། ཕན་པའི་བསླབ་བྱའི་འོག་ནས་ནར་སོན་པས། ཁྱེད་ལ་ལྡན་པའི་རླབས་ཆེ་བའི་བསམ་གཞིགས་ཀྱི་ཉག་ཕྲ་བའི་ཆ་ཙམ་ཞིག་ང་ལ་ཡང་ལོས་ཡོད་དེ། ངས་རང་གི་སྐད་དང་ཡི་གེ་དེ་བླ་སྲོག་ཏུ་བཀུར་ནས་དེ་ལ་སྦྱང་བ་བྱེད་རྒྱུ་ནི། ང་རང་བོད་པ་ཡིན་པས་འོས་འགན་ཞིག་ཡིན་ནོ།།

  • ལེ་ཚན་སྔོན་མ།:བྱམས་ལྡན་མ་ལོ།
  • ལེ་ཚན་རྗེས་མ།:ཡུམ་ཆེན་ལགས། འོ་བརྒྱལ་ཆེ་སོང་།