ཕུགས་རེ།

        2020-06-19

ངའི་ཕུགས་རེ་ནི།

རི་ཚོགས་དང་ཆུ་ཕྲན་གྱི་ཁྲོད་ན།

ཡུན་གྱིས་འཕྱོ་ཞིང་དལ་བུར་རྒྱུ་བའི།

སྤྲིན་པ་ལེབ་མོ་དང་ཉ་ཆུང་གསེར་མིག་ཡིན།

སྦྲང་ཆར་གྱི་མངའ་ཐང་སྒུམ་ནས།

ཆུ་ཕྲན་གྱི་དྭངས་ཤ་རོལ་ནས།

ཨ་སྔོན་མཐོན་པོ་ཞིག་ཁྲི་ལ་བཀོད་ན་སྙམ།

ཀྱ་ཀྱུའི་རྒྱུ་ལམ་ཞིག་རང་དབང་གིས་དེད་ན་སྙམ།

ངའི་ཕུགས་རེ་ནི། རི་སུལ་དང་སྤང་ཐང་གི་ཁུད་ན།

མཆོང་གར་རྩེན་ཞིང་འཛུམ་གྱིས་དགོད་པའི།

གཡང་དཀར་ལུག་ཆུང་དང་སྤང་རྒྱན་མེ་ཏོག་ཡིན།

རང་དབང་གི་སྐྱིད་སྣང་བཙལ་ནས།

གཡུ་སྦྲང་གི་ཞེ་འདོད་བསྒོམས་ནས།

རྩྭ་ཆུའི་དྭངས་གཙང་གི་ལོངས་སྤྱོད་ཡུན་རིང་དུ་རྟག་ན་སྙམ།

ལྷད་མེད་མདངས་ལྡན་གྱི་བརྩེ་བ་ཡལ་མེད་དུ་ཆགས་ན་སྙམ།

ངའི་ཕུགས་རེ་ནི། ས་འདམ་དང་ལྗན་ལྗིན་གྱི་ཀློང་ན།

འཛུམ་གྱིས་བཞད་ཅིང་ངུ་ཞོར་འཐུ་བའི།

རྩེད་ར་ཆུང་ཆུང་དང་རྡེའུ་དཀར་ནག་ཡིན།

རེ་བ་ཡི་རྨི་ལམ་སྦྲུམ་ནས།

བརྩེ་འདང་གི་ས་བོན་གཏོར་ནས།

དྲི་ཞིམ་ཡན་པའི་བདེ་སྐྱིད་ཅིག་བརྩོན་པས་སྒྲུག་ན་སྙམ།

ཡ་ཡོ་མེད་པའི་དུང་བརྩེ་ཞིག་སེམས་པར་བསྙལ་ན་སྙམ།

ངའི་ཕུགས་རེ་ནི། སློབ་ར་དང་མེས་པོའི་ཞལ་ལུང་ན།

འབད་པས་སྙེག་ཅིང་དབྱངས་གསལ་གྱིས་སྐྱོར་བའི།

རྨི་ལམ་ལྗང་ཁུ་དང་གནའ་གཏམ་དྲོན་མོ་ཡིན།

འབྱུང་འགྱུར་གྱི་མདུན་ལམ་དམིགས་ནས།

སྲོལ་རྒྱུན་གྱི་ཉིང་བཅུད་བཞིབས་ཏེ།

ཤེས་བྱའི་འཕྱང་འཕྲུལ་མགུལ་དུ་བསྟར་ན་སྙམ།

འཕེལ་རྒྱས་ཀྱི་གངས་ཆུ་ལྷོད་ཀྱིས་ཟགས་ན་སྙམ།

ངའི་ཕུགས་རེ་ནི། རྨི་ལམ་དང་སྟོང་འདང་གི་ཁྲོད་ན།

དྲོད་ཀྱིས་འཁྱིལ་ཞིང་དྲག་ཏུ་མཆེད་པའི།

གླུ་གཞས་དྭངས་མོ་དང་རྩེད་གར་མཚར་བོ་ཡིན།

སྤྲོ་བག་གི་ལོངས་སྤྱོད་བཙལ་ནས།

སྐྱིད་དགའ་ཡི་བདེ་བ་བསྙེགས་ནས།

ངོ་མཚར་བློ་འགུག་གི་གར་ཞིག་བཞེངས་ན་སྙམ།

རྨི་ལམ་འཚེར་པོ་ཡི་གསོལ་སྟོན་བཤམས་ན་སྙམ།

༼ སྟག་རིག་འབྲུག་ཐར། ༽


  • ལེ་ཚན་སྔོན་མ།:ལྷ་སའི་ལེའུ།
  • ལེ་ཚན་རྗེས་མ།:བརྩེ་དུང་གི་རང་སྒྲ།