སྐྱེ་ཁམས་སྔོན་སྤེལ་ཚན་རིག་དང་མཐུན་ཞིང་གོ་རིམ་ཡོད་པ་བྱས་ཏེ་རང་ཁུལ་གྱིས་རྒྱལ་ཁབ་ཀྱི་བསྐྱར་སྐྱེས་ནུས་ཁུངས་ཀྱི་རྟེན་གཞི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2020-06-17

    སྤྱི་ཟླ6པའི་ཚེས9ཉིན། གསར་འགོད་པས་ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ནུས་ཁུངས་གཙང་མ་གསར་སྤེལ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་བསྐྱར་སྐྱེས་ནུས་ཁུངས་ཀྱི་རྟེན་གཞི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད། མིག་སྔར། ཆུ་གློག་གིས་གཙོ་བོ་བྱེད་པའི་ནུས་ཁུངས་གཙང་མའི་ཐོན་ལས་འདི་རང་ཁུལ་གྱི་འདེགས་སྐྱོར་ཐོན་ལས་ཀྱི་ཡ་གྱལ་དུ་གྱུར་པ་དང་། ཉི་མའི་ནུས་ཁུངས་སོགས་ཀྱི་ནུས་ཁུངས་ཐོན་ལས་གསར་པ་གསར་སྤེལ་དང་འཛུགས་སྐྲུན་རིམ་བཞིན་དུ་སྤུལ་མགོ་འཛུགས་བཞིན་ཡོད་པ་རེད།

     ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་རང་ཁུལ་ལ་རིམ་རྩིས་བྱས་ན་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི1256﹙ཆུ་གློག་སྟོང་ཝ་ཁྲི1219དང་ཉི་འོད་གློག་ནུས་སྟོང་ཝ་ཁྲི37﹚གྲུབ་ཡོད་པ་རེད།སྟོང་ཧྥུ500ཡི་གློག་སྒྱུར་ས་ཚུགས8བསྐྲུན་པས་མ་ཚད། ད་དུང་ནུས་ཁུངས་ཕྱི་སྐྱེལ་གློག་ཤུགས་སྟོང་ཝ་ཁྲི300གསར་སྣོན་བྱ་རྒྱུ་ཡིན་པར་བརྟེན།རང་ཁུལ་གྱི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་གྱི་གཞི་ཁྱོན་གཞི་རྩའི་ཐོག་ཆགས་ཡོད་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། རང་ཁུལ་ནི་རྒྱལ་ཁབ་ཀྱི་ནུབ་གློག་ཤར་ཁྲིད་ཀྱི་ནུས་ཁུངས་རྟེན་གཞི་གལ་ཆེན་དང་བོད་གློག་ཕྱིར་ཁྲིད་ཀྱི་ངེས་པར་དུ་བརྒྱུད་དགོས་པའི་ས་གནས་ཤིག་ཡིན་པ་རེད། འབྲི་ཆུ་དང་ཉག་ཆུ། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བཅས་ནུབ་རྒྱུད་ནས་ཤར་རྒྱུད་དུ་འབབ་པར་བརྟེན། ལྷོ་བྱང་མཉམ་གཤིབ་ཏུ་གྲུབ་ནས་རང་ཁུལ་གྱི་ཆུ་དྲྭའི་རྩ་བའི་ཁྱབ་ཚུལ་གྲུབ་ནས་ཆུའི་ནུས་ཐོན་ཁུངས་ལག་རྩལ་གསར་སྤེལ་ཐུབ་ཚད་སྟོང་ཝ་ཁྲི4130ལ་ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་གསར་སྤེལ་ཤོང་ཚད་ཀྱི་བརྒྱ་ཆ30ལས་བཟུང་བ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར། རང་སྐྱོང་ཁུལ་བཅས་ཀྱི་ནང་ཨང་གསུམ་པ་ཡིན་པ་རེད། རང་ཁུལ་གྱི་ཉི་ནུས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པོ་ཡིན་པར་བརྟེན། ས་ཁུལ་མང་ཆེ་བར་ཉི་འོད་ཕོག་ཡུན་ཆུ་ཚོད2000ལས་བརྒལ་བས་ཞིང་ཆེན་ཡོངས་ཀྱི་ཉི་ནུས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཡིན་ལ། རྒྱལ་ཡོངས་ཀྱི་ཉི་ནུས་མཐོ་བའི་ས་ཁུལ་གྱི་ཡ་གྱལ་ཞིག་ཀྱང་ཡིན་པ་རེད། རིགས་པའི་གཞུང་ལུགས་ཐོག་ཁུངས་སྐྱེས་བྱས་པའི་རླུང་ནུས་ཐོན་ཁུངས་ཀྱི་གསོག་ཚད་སྟོང་ཝ་ཁྲི1000ཙམ་ལ་ཟིན་ཞིང་། འཆར་འགོད་ལག་རྩལ་གསར་སྤེལ་ཐུབ་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི200ཙམ་ལ་ཟིན་པས་ཧ་ལམ་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆ11བཟུང་བ་རེད། དྲོད་ཚད་མཐོ་བའི་ས་འོག་ཚ་ནུས་ཀྱི་ཚ་མིག་མང་ཞིང་རྒྱ་ཁྱོན་ཆེ་བ་དང་གསར་སྤེལ་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་ཅིང་། རང་རེའི་ཞིང་ཆེན་གྱི་ས་འོག་ཚ་ནུས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཡིན་ལ། རྒྱལ་ཡོངས་ཀྱི་ས་འོག་ཚ་ནུས་ཐོན་ཁུངས་འབེལ་བའི་ས་ཁོངས་ཀྱང་ཡིན་པ་རེད།

     ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་དོན། 2021ལོ་ནས་བཟུང་། རང་ཁུལ་གྱི་ཉག་ཆུའི་ཆུ་གཉིས་མདོའི་གློག་འདོན་ས་ཚུགས་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སོ་བ་ནང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྲ་གདུང་ཁུག་མ་སོགས་སྟོང་ཝ་ཁྲི800ཙམ་ལ་ཟིན་པའི་གློག་འདོན་ས་ཚུགས་ཆེ་གྲས་ཀྱིས་སྔོན་རྗེས་སུ་གློག་གཏོང་མགོ་ཚུགས་རྒྱུ་ཡིན་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱ་རྒྱུའི་འཐབ་ཇུས་བཀོད་སྒྲིག་འོག་གི་སི་ཁྲོན་དང་ཁྲུང་ཆིང་གི་འཁོར་སྦྲེལ་དྲ་བའི་སྟོང་ཧྥུ1000གི་མཐོ་གནོན་སྦྲེལ་རེས་ཀྱི་ལས་གྲྭ་ཡང་སྤེལ་མགོ་འཛུགས་རེ་ཡོད་པ་རེད། རང་ཁུལ་གྱི་རྒྱལ་ཁབ་རིམ་པའི་བསྐྱར་སྐྱེས་ནུས་ཁུངས་ནུས་མང་ཁ་གསབ་ཀྱི་དཔེ་སྟོན་རྟེན་གཞི་བསྐྲུན་པའི་ཆ་རྐྱེན་ཡང་གཞི་རྩའི་ཆ་ནས་འཛོམས་པ་རེད།། 


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་མཚོ་འཕགས4600ཡོད་པའི་དབྱར་རྩྭ་དགུན་འབུའི་རྐོ་ཡུལ་དུ་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:མཛེས་ཉམས་སྣ་ཚོགས་མངོན་པའི་ཐོན་ལས་ཀྱི་མེ་ཏོག་བཞད།
  • དོ་སྣང་ཆེ་བའི་རྩོམ།