བསང་གི་ཁ་སྨོན་དགེ་ལེགས་ཀུན་འབྱུང་།

མགོ་སྤྲུལ་གར་དབང་འཇིགས་མེད་རྣམ་རྒྱལ།        2020-06-15

བསང་གི་ཁ་སྨོན་དགེ་ལེགས་ཀུན་འབྱུང་།

  རཾ་ཡཾ་ཁཾ། ལན་གསུམ། ཨོཾ་ཨཱ༔ཧཱུྃ། ལན་གསུམ། བདུད་རྩི་བསང་གི་མཆོད་པ་འདོད་ཡོན་ལྔ་ཡི་འོད་ཟེར་འཕྲོ་བ། བཟའ་བ་རི་རབ་བས་དཔང་མཐོ་བ། བཏུང་བ་རྒྱ་མཚོ་བས་གཏིང་ཟབ་པ། འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་གཏེར་ཆེན་པོ་གཅིག་ཏུ་གྱུར། ཧོ་དགོངས་སུ་གསོལ་ལོ། ལན་གསུམ། མཐོ་བ་མི་མངོན་ནམ་མཁའི་དབྱིངས་རུམ་མན་ཆད། དམའ་བ་དོག་མོ་ས་ཡི་ཁོར་ཡུག་ཡན་ཆད། ཡངས་པ་བར་སྣང་ཁམས་ཀྱི་ཀློང་དཀྱིལ་ཚུན་ཆད་ན་བཞུགས་པའི་སྐུ་རི་རྒྱལ་ལྷུན་པོ་བས་ཀྱང་བརྗིད་ཆེ་བ། གསུང་ནམ་མཁའི་འབྲུག་སྒྲ་བས་ཀྱང་གདངས་ཟབ་པ། ཐུགས་མཁྱེན་བརྩེ་ཉི་ཟླ་བས་ཀྱང་འོད་གསལ་བ། གཟིགས་པ་སྤྱན་གྱི་དབང་པོ་ཤེལ་ལས་གསལ་བ། གསན་པ་སྙན་གྱི་དབང་པོ་དར་ལས་སྲབ་པ། དགོངས་པ་མངོན་ཤེས་ཀྱི་ཐུགས་ནི་ལྷ་བས་ལྷག་པ། བརྟེན་ན་ཐུགས་རྗེ་ཆེ་བ། སྐྱབས་ན་ནུས་མཐུ་མངའ་བ། ཞུས་ན་བྱིན་རླབས་མྱུར་བ། ཁམས་གསུམ་འགྲོ་བའི་དེད་དཔོན། སྲིད་གསུམ་སྐྱེ་དགུའི་གཙུག་ནོར། གཞི་བྱེས་ཀུན་གྱི་བསྲུང་མ། མཆོད་པ་ཕུད་ཀྱི་མངའ་བདག འབོད་པ་མགྲོན་གྱི་གཙོ་བོ། བསྟོད་པ་ཕྱག་གི་ཕུལ་ས། བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་རྣམ་གསུམ། བྱིན་རླབས་ཐུགས་རྗེའི་གཏེར་མཛོད་བཀའ་བརྒྱུད་བླ་མ། དངོས་གྲུབ་ཀུན་གྱི་འབྱུང་གནས་ཡི་དམ་ཞི་ཁྲོ། ཕྲིན་ལས་ཐོགས་མེད་སྒྲུབ་མཛད་མ་སྲིང་མཁའ་འགྲོ། འགལ་རྐྱེན་བར་ཆད་སེལ་མཛད་ཆོས་སྐྱོང་བསྲུང་མ། མཐུན་རྐྱེན་ཡིད་བཞིན་སྒྲུབ་པའི་ནོར་ལྷ་གཏེར་བདག ཁ་འཛིན་སྡོང་གྲོགས་བྱེད་པའི་ཡུལ་ལྷ་གཞི་བདག ༧ ཨ་མྱེ་རྡོ་རྗེ་གཡུ་ཁྲོམ། ཡུམ་ཆེན་བག་མ་ཞྭ་མེད། ལྕམ་སྲིང་རྡོ་རྗེ་གཡུ་སྒྲོན། དགྲ་བླ་མི་མགོན་དཀར་པོ། གནས་ལུང་དབང་བསྡུད་ལྷ་རྩེ། གདུགས་ཆེན་དཔའ་བོ་སྟག་འཕྲུ། ཐང་སྟོད་ཀྱི་ནོར་བུ་ལྷ་རྩེ། ཐང་སྨད་ཀྱི་གཉན་པོ་གཡུ་རྩེ།  དཔའ་བོ་རྡོ་རྗེ་ལྷ་རྩེ། ཆུ་ལུང་གླང་པོ་དམ་བསྟན། ཁྱབ་འཇུག་ཟླ་བ་ཐོད་དཀར། འཁྱིལ་ཆེན་རྟ་ཤར་རྨོག་མཐོ། སྲས་མཆོག་རྡོ་རྗེ་ཞལ་དཀར། མཚོ་ལུང་མཚོ་སྨན་རྒྱལ་མོ། བཀའ་བློན་སེང་གེ་གནམ་རྫོང་། ནགས་ལུང་བཀྲ་ཤིས་ལྷ་རྩེ། ལྡོང་རི་མགོན་པོ་ལེགས་ལྡན། ངེས་ལེགས་སྐུ་བླ་དུང་རྩེ། ཏཱ་རེ་རི་རྒྱལ་འཕན་ཕྱུག གནས་བདག་རྡོ་རྗེ་དྲག་རྩལ། དངུལ་རྫི་གཡུ་མཚོ་ཕྱུག་མོ། ཁྱད་པར་དུ་ས་ཆ་ཡུལ་རི་འདི་ལ་གནས་པའི་ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་སྙན་གསན་ཅིང་དགོངས་སུ་གསོལ། ཧོ། དེ་རིང་བཀྲ་ཤིས་ལྷ་ཡི་ཉི་མ། ལྷ་མིའི་བདེ་སྐྱིད་དར་བ། སྟེང་ལྷ་ཡི་དབུ་འཕང་མཐོ་ཞིང་རྒྱལ་རྔ་སྒྲོགས་པ། བར་མི་ཡི་བསམ་པ་འགྲུབ་ཅིང་བདེ་སྐྱིད་དར་བ། འོག་ཀླུ་ཡི་དཔལ་འབྱོར་རྒྱས་ཤིང་འཁྲུགས་རྩོད་ཞི་བ། གནམ་ལ་བཀྲ་ཤིས་ཤིང་ས་ལ་བྱིན་ཆགས་པ། བར་སྣང་ལ་གཟའ་སྐར་དར་བ། དུས་བཟང་དང་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཉི་མ་འདི་ལ། བདག་གིས་ནམ་མཁའ་ལྷ་ཚོགས་ཁྱེད་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཡིད་ལ་དྲན་བཞིན། གུས་པའི་ལུས་ཀྱི་རྣམ་འགྱུར་ངོམ། བཟའ་བཏུང་ཕུད་ཀྱི་མཆོད་པ་ཕུལ། བདེན་པའི་ཚིག་གིས་ཞུ་བ་གསོལ་བ་ཡིན་པས་མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས་ཤིག ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིག རྫུ་འཕྲུལ་གྱི་སྙན་གྱིས་གསོན་ཅིག ཐུགས་རྗེ་ཡི་ཕྱག་ཡངས་རྐྱོངས་ཤིག མགོ་བརྒྱས་ཞྭ་ཕུད་ས། ལག་བརྒྱས་ཇ་ཕུད་མཆོད་ས། ཁ་བརྒྱས་ཞུ་བ་འབུལ་ས། སྙིང་ནས་རེ་བའི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་ཅག་རེ་ལྟོས་ཀུན་གྱི་ལས་ཉོན་སྒྲིབ་གཉིས་ཀྱི་བག་ཆགས་བྱང་བར་མཛོད་ཅིག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་མཛོད་ཅིག དགྲ་ཉོན་མོངས་པ་རྡུལ་དུ་རློགས་ལ་གྲོགས་དགེ་བའི་བཤེས་གཉེན་མགོན་དུ་སྤྲོད་ཅིག གནོད་བྱེད་སྡིག་པའི་གྲོགས་དང་བྱེ་བྲལ་དུ་ཐོངས་ལ་ཕན་བྱེད་དགེ་བའི་གྲོགས་དང་འབྲལ་མེད་དུ་མཛོད་ཅིག ཆོས་མིན་ཉེས་པའི་བྱ་བ་ཤུལ་མེད་དུ་ཐོངས་ལ་ཆོས་མཐུན་ལེགས་པའི་སྤྱོད་པ་གོང་འཕེལ་དུ་མཛོད་ཅིག གཉེན་གྱི་གྲོགས་བྱུང་ན་བརྒྱ་ནས་སྟོང་དུ་སྤེལ་ཅིག སྡང་བའི་དགྲ་བྱུང་ན་གཉིས་ནས་གཅིག་ཏུ་སྡུས་ཤིག སྔ་དགྲ་བྱས་པའི་ལས་འཕྲོ་གཉེན་དུ་སྦྱོར་ཅིག ད་དགྲ་བརྩམ་པའི་སྒོ་གསུམ་བྲན་དུ་ཁོལ་ཅིག ཕྱི་དགྲ་ཤོམ་པའི་བློ་སེམས་དགེ་ལ་སྒྱུར་ཅིག བྱེས་སུ་འགྲོ་བའི་ལམ་སྣ་དྲོངས་ཤིག གཞི་རུ་སྡོད་པའི་བསྲུང་སྐྱོབས་མཛོད་ཅིག ཁ་ཡི་ཟས་འདོད་ཟས་དང་སྤྲོད་ཅིག ལག་པའི་ནོར་འདོད་ནོར་དང་སྤྲོད་ཅིག རྒྱབ་ཀྱི་གོས་འདོད་གོས་དང་སྤྲོད་ཅིག རྐང་པའི་རྟ་འདོད་རྟ་དང་སྤྲོད་ཅིག སྙིང་གི་ཆོས་འདོད་ཆོས་དང་སྤྲོད་ཅིག དཔའ་བའི་མི་ལ་དཔུང་མཛོད་ཅིག ཞོན་པའི་རྟ་ལ་མགྱོགས་བང་སྣོན་ཅིག སྲ་བའི་གོས་ལ་འཛིན་ཐག་མཛོད་ཅིག རྣོ་བའི་མཚོན་ལ་སོ་ཞག་བཏོན་ཅིག བཙན་པའི་མཁར་ལ་བ་གམ་ཐོག་ཅིག དགྲ་བྱུང་ན་བྱ་ར་གྱིས་ཤིག བྱད་བྱུང་ན་ཕྱིར་ལ་བཟློག་ཅིག བགེགས་བྱུང་ན་དབང་དུ་སྡུས་ཤིག གདོན་བྱུང་ན་དྲག་པོས་ཐུལ་ཅིག དུག་བྱུང་ན་སྨན་གྱིས་གསོས་ཤིག ཆུ་ཟམ་པ་མེད་པ་ལ་གྲུ་ཟམ་ཚུགས་ཤིག བྲག་ཐེམ་པ་མེད་པ་ལ་ཐེམ་སྐས་གྱིས་ཤིག ཐང་བླ་གབ་མེད་པ་ལ་རྫོང་ར་གྱིས་ཤིག སྔ་སོ་ནས་བརྩན་པའི་ས་ཟུངས་ཤིག ཕྱི་སོ་ནས་མང་པོའི་དཔུང་སྣོན་ཅིག གཞན་ཡུལ་དུ་བགྲོད་པའི་སྐྱེལ་མ་གྱིས་ཤིག རང་ཡུལ་དུ་འོང་བའི་བསུ་མ་མཛོད་ཅིག ལྟ་བའི་མིག་ལ་དར་ཕྱོར་ཅིག ཉན་པའི་རྣ་ལ་དུང་བུས་ཤིག ཁྱིམ་གང་མི་ཡི་བསྲུང་མ་གྱིས་ཤིག ར་གང་ནོར་གྱི་རྫི་བོ་གྱིས་ཤིག གྲལ་གང་ལུས་ཀྱི་བཀྲག་མདངས་སྩོལ་ཅིག གཟུགས་མཛེས་ཅན་གྱི་གྲོགས་དང་སྤྲོད་ཅིག མཛོད་གང་ནོར་གྱི་དངོས་གྲུབ་སྩོལ་ཅིག སྣོད་གང་ཟས་ཀྱི་བཅུད་ཆེན་ཕོབ་ཅིག སྐྱེ་འགྲོ་ཕོ་མོ་དབང་དུ་སྡུས་ཤིག བསམ་པའི་དོན་ཀུན་འགྲུབ་པར་མཛོད་ཅིག ལེགས་པའི་ཚོགས་ཐམས་ཅད་ལ་ཁ་ནས་སྤྲོད་ལ་ཉེས་པའི་ཚོགས་ཐམས་ཅད་ལུང་ཁུང་ནས་སྣོལ་ཅིག། ཉིན་གྱི་བྱ་ར་གྱིས་ཤིག། མཚན་གྱི་མེལ་ཚེ་མཛོད་ཅིག། དགྲ་ཇག་གཉའ་ནོན་མཛོད་ཅིག། ཆོམ་རྐུན་ཆམ་ལ་ཕོབ་ཅིག། འདྲེ་གདོན་རྡུལ་དུ་རློགས་ཤིག། མིང་གི་ལྷག་མར་མཛོད་ཅིག། བདག་ཅག་གཞི་མགྲོན་འཁོར་དང་བཅས་པ་ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་གར་འདུག་གར་གནས་ཀྱང་སྔོན་ནས་བསུ་མ་མཛོད་ཅིག། རྒྱབ་ནས་སྐྱེལ་མ་མཛོད་ཅིག། བར་དུ་སྡོང་གྲོགས་དམ་པ་མཛོད་ཅིག། ཅི་བསམ་པ་དང་ཅི་རེ་བ་དང་། ཅི་འདོད་པ་ཐམས་ཅད་དཀར་པོའི་ཆོས་དང་མཐུན་པར་མཛོད་ཅིག ཆོས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛོད་ཅིག བསྟན་འཛིན་སྐྱེས་བུའི་ཚོགས་ཀྱི་སྐུ་ཚེ་བསྲིང་བར་མཛོད་ཅིག སེམས་ཅན་གྱི་བདེ་སྐྱིད་རྫོགས་ལྡན་གྱི་དུས་ལྟར་འབྱུང་བར་མཛོད་ཅིག སྔོན་བཟང་པོ་བྱས་པའི་གཏང་རག་གཏོང་ངོ་།། ད་བཟང་པོ་བྱེད་པའི་ཞུ་བ་འབུལ་ལོ།། ཚེ་རྫི་དང་སྲོག་སྐྱོབས་མཛོད་ཅིག། ཁ་འཛིན་དང་སྡོང་གྲོགས་མཛོད་ཅིག། མཆོད་པ་འབུལ་ལོ།། གཏང་རག་གཏོང་ངོ།། ངོ་སོ་བསྟོད་དོ།།ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །


  • ལེ་ཚན་སྔོན་མ།:གཡུ་ཁོག་ཡུལ་གྱི་རི་བསང་རླུང་རྟ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།