ང་ད་རུང་འགྲོ་དགོས།

ཨོ་རྒྱན་དོན་གྲུབ།        2020-06-12

     རོ་དྲུག་ལྷན་དུ་འདུས་པའི་གྲོང་པའི་ཟུར་ལ་བསྡད་དེ་རང་དང་ལས་འབྲེལ་ཡོད་པའི་དཔེ་ཆ་ཀློག་པ་ནི་གཞན་ལས་ཐོས་བསམ་བྱས་པ་ཡིན་ན།གྲོང་པའི་མཐའ་ལས་བརྒལ་ཏེ་རི་ཆུར་བགྲོད་པ་ནི་རང་སེམས་ལ་དག་སྦྱོང་བྱེད་པའི་བརྒྱུད་རིམ་ཞིག་རེད།

མི་རིགས་ཤིག་གི་རིག་གནས་ནི་མཁས་གྲུབ་དམ་པ་རྣམས་ཀྱི་མཁྱེན་དཔྱོད་ལས་སྨིན་པའི་གསུང་རབ་དམ་པ་དང་མི་སེར་ཕལ་པ་ཚོའི་བློ་རིག་ལས་འཁྲུངས་པའི་དམངས་ཁྲོད་རིག་གནས་གཉིས་ཀྱིས་རྒྱུ་དང་སྤུན་གྱི་ཚུལ་དུ་གྲུབ་པ་ཡིན་ན།སྔ་མ་ནི་གཏིང་ཟབ་ལ་མཐོ་སར་བཞུགས་ཤིང་ཕྱི་མ་ནི་རྒྱ་ཆེ་ལ་ས་གཞིར་བཀྲམ་པ་ཞིག་རེད།ང་རང་ནི་དཔེ་ཆར་ཟུག་སྟེ་ཕྱི་རོལ་གྱི་ཉི་ཆར་རླུང་གསུམ་འགམ་མ་མྱོང་བའི་བཙོན་པ་ཞིག་བྱེད་མི་འདོད་ལ།རི་ཆུ་སྟོང་ཕྲག་བརྒལ་ཡང་གསུང་རབ་ཀྱི་བདུད་རྩི་བཏུང་མ་མྱོང་བའི་མི་འཁྱར་ཞིག་དེ་ལས་ཀྱང་བྱེད་མི་མོས་པས་སེམས་ནང་ཞུགས་པའི་ཡིད་ཀྱི་སྤྲུལ་པ་གངས་དགའ་དང་ལྷན་དུ།འབྲི་དེབ་དང་སྨྱུ་གུ་གཉིས་རོགས་སུ་ཁྲིད་དེ་རི་ཆུ་ཀླུང་གསུམ་དང་སྤང་ནགས་བྲག་གསུམ་མཇལ་མགོ་བརྩམས།མཇལ་ལམ་རེ་རེར་གངས་དགའ་ཞེས་པ་ནི་སྐབས་འགར་སེམས་ཀྱི་ཐིག་ལེར་སྒོམ་པའི་དཔའ་མཛངས་ཅན་དང་།མཚམས་རེར་དུངས་སེམས་ཟོལ་མེད་བཅངས་པའི་དགེ་གྲོགས་རྣམས་ཡིན་ལ།སྐྱིད་པའི་དུས་སུ་མདུན་ལ་གངས་རི་ལྟ་བུའི་དམིགས་ས་བཞེངས་མཁན་གྱི་ལོ་རྒྱུས་ཀྱི་མེ་ལོང་དང་།སྡུག་པའི་སྐབས་སུ་རྒྱབ་ལ་གངས་ཆུ་ནང་བཞིན་སྐྱེལ་གླུ་ལེན་པའི་ཡིད་ཀྱི་འཁྲི་ཤིང་ཡང་ཡིན།

     ང་ཚོའི་རིག་གནས་ནི་ཆུ་བོ་ཞིག་ཡིན་པའི་དབང་དུ་བཏང་ན།ཆུ་མགོ་ནི་ཕྲ་ཡང་དྭངས་ལ།ཆུ་གཞུང་ནི་རྒྱས་ཀྱང་རྙོག། ཆུ་མཇུག་ནི་གཞན་དང་ལྷན་དུ་འདུས་ཏེ་ངོ་བོ་གཅིག་ཏུ་གྱུར་པས་ད་ལྟར་ང་ཚོའི་ལུས་ངག་ཡིད་གསུམ་ལ་ངོམ་དུ་རུང་བའི་ཐུན་མོང་མ་ཡིན་པ་རྣམས་ཕལ་ཆེར་བརླགས་ཚར་མོད།སྤུན་ཟླ་བར་མདའ་འཕངས་མདུང་བཙུགས་ཀྱིས་བསྟོད་སྨད་བགྱིས་པ་ལས་ད་རུང་རི་ཆུ་བར་ལྷག་ཡོད་པའི་རིག་གནས་ཀྱི་རྟགས་མཚན་རྣམས་ཡིག་འབྲུའི་ཕྲེང་བར་བརྒྱུ་ན་མི་དགའ་འམ།

གངས་དགའ་དང་ལྷན་དུ་ཁེར་རྐྱང་དུ་ལྷག་པའི་མཁར་ཤུལ་དང་ཁང་རྙིང་།གནས་རི་སོགས་གོམ་པས་མཇལ་ཞིང་སེམས་ཀྱིས་ཀློག་དུས་རང་ཉིད་ནི་ས་རྒྱ་མ་ཆོད་ལ་རང་རྒྱུས་རང་གིས་མ་ལོན་པའི་མི་གུ་དོག་ཅན་ཞིག་ཡིན་པ་ཤེས།ཡིན་ན་ཡང་རི་བོ་མཐོན་པོ་དང་ལུང་པ་ཟབ་མོར་བྱམས་སྙིང་རྗེ་ཅན་དང་ལས་རྒྱུ་འབྲས་སྲུང་མཁན་ཚོས་ད་དུང་རང་རྒྱུ་རང་བདག་བྱས་ཏེ་རང་མཚན་རང་གིས་འཛིན་བཞིན་ཡོད་པས་ཡིད་ཆེས་སྐྱེས་ལ་སྤོབས་པ་རྒྱས་ཏེ་མེས་པོ་ཚོས་ང་ཚོར་བགོ་སྐལ་དུ་བཞག་པ་རྣམས་རྔུལ་ཆུས་སྦངས་ཤིང་རྐང་རྗེས་བཀྲ་ལ།སྐྱིད་སྡུག་འཁོར་བའི་ཡིག་འབྲུར་བརྫངས་ཏེ་ཡུལ་མི་ཚོར་ལེགས་སྐྱེས་སུ་ཕུལ་ཡོད།

     ལམ་བར་དུ་རིགས་རུས་ཀྱི་སྐྱིད་སྡུག་དང་རིག་གནས་ཀྱི་འཕེལ་འགྲིབ་མཇལ་དུས་རང་ཉིད་ཀྱི་ལུས་སེམས་གཉིས་ཀ་སྲོལ་རྒྱུན་རིག་གནས་ནང་བཙོས་པའི་བདེ་སྐྱིད་ནི་ཇ་ཆང་ཞིམ་པོ་བཏུང་བ་དང་ཧ་ཅང་མཚུངས་མོད།ཞོར་དུ་འཇམ་ཐིང་ངེར་གནས་པའི་རྫིང་བུ་རྣམས་ཀྱི་ལྟག་ཆུ་ཆད་པའི་ཉེན་ཁ་མཐོང་བའི་ན་ཟུག་ནི་སུ་ལ་བཤད་དགོས་པའང་མ་ཤེས།

     མི་སེར་རྣམས་ཀྱི་ཟུར་དུ་བཅར་བར་དཀའ་ཁག་དེ་ཙམ་མི་ཆེ་མོད།མུ་ཏིག་གི་ཕྲེང་བ་ཆད་པ་ལྟར་ལ་ལུང་ཀུན་ལ་གཏོར་བའི་ལོ་རྒྱུས་ཀྱི་རྗེས་ཤུལ་དང་།རིག་གནས་ཀྱི་རྗེས་དྲན་རྣམས་དབྱངས་གསལ་གྱི་ཕྲེང་བར་བརྒྱུ་དགོས་ན་དམངས་སྲོལ་རིག་པ་དང་།སྐད་བརྡ་རིག་པ།ས་ཁམས་རིག་པ།གནའ་རྫས་རྟོག་དཔྱོད་རིག་པ་བཅས་སྦྱངས་པའི་བྲག་རི་ལྟ་བུའི་རིགས་གཞུང་གི་རྒྱབ་རྟེན་དང་།འཁར་བ་ནང་བཞིན་ལག་ལེན་གྱི་མདུན་རྟེན་མེད་ན་ལག་རྡུམ་བྲག་ལ་འཛེགས་པ་ལྟ་བུའི་དཀའ་ངལ་འཕྲད་མོད།ངས་ཉིན་མོའི་མཐོང་ཐོས་རེག་གསུམ་རྣམས་མཚན་མོར་སླར་ཡང་ལྡད་བཅས་ཏེ་ཡིག་རིས་སུ་ཕབ་པ་རྣམས་ནི་མཚམས་ཁང་ཆུང་ངུ་དང་དཔེ་མཛོད་ཁང་ཆེན་མོར་བཞུགས་ཏེ་འོལ་ཚོད་དང་།མཁྲེགས་འཛིན།སྒེར་གཅོད་བྱས་པ་དང་གཏན་ནས་མི་འདྲ་བར་མི་སེར་ཚོའི་ཞལ་གྱི་འཛུམ་མདངས་དང་ཐོད་པའི་གཉེར་མ་ལས་ཐོན་པའི་འབྲས་བུ་ཁོ་ན་ཡིན།

     གཅིག་བྱས་ན། ཁ་ཆར་གྱིས་ཡང་ནས་བསྐྱར་དུ་བཀྲུས་ཀྱང་ས་འདམ་དང་ལྕི་བ་ཡི་དྲི་མ་བྲོ་བའི་ཟིན་བྲིས་འདི་རྣམས་བོད་མི་རང་འདོད་ཅན་ཚོའི་བློ་ངོ་ལ་མི་འབབ།མིག་ནང་ཡང་མི་མཛེས་མོད། ངས་མཁར་ཤུལ་གྱི་འགྲམ་ལ་མི་རྒན་ཚོའི་ངག་རྒྱུན་ལ་མཉན་ཞིང་། གྲུབ་རྟགས་ཀྱི་དྲུང་དུ་སྐྱེས་ཆེན་ཚོའི་བཞུད་ལམ་ལ་རྗེས་དྲན་བྱས་ཏེ་མི་སེར་ཚོའི་འུ་ཐུག་ཐབས་ཟད་དང་རེ་འབོད། རང་ཉིད་ཀྱི་ལྟ་སྣང་མཐོང་ཕྱོགས་དང་དོགས་པ་རྣམས་ཁོ་བོའི་ཤ་ཁྲག་ལས་གྲུབ་པ་ལྟ་བུའི་ཡིག་འབྲུ་ལ་དགའ་བའི་ཀློག་པ་པོ་རྣམས་ལ་ལྷུག་པོར་བཤད་ཡོད་པས། ནམ་ཉི་མ་ཞིག་ལ་ན་གཞོན་འགའ་ཡིས་ཕྱག་ལག་འཇམ་པོས་དེབ་འདིའི་ཁ་ཕྱེ་སྟེ་ང་དང་མཉམ་དུ་ཁ་བརྡ་ཐེངས་གཅིག་བྱ་རྒྱུ་ནི་རང་ཡུལ་རང་གིས་བསྐོར་བའི་རེ་བ་ཉག་གཅིག་ཡིན།

     ང་ལ་མཚོན་ན། དཔེ་ཆ་དང་རི་ཆུ་གཉིས་ཀ་ཀློག་པ་ནི་བྱ་རྒོད་ལ་གཤོག་ཟུང་འཛོམས་པ་དང་འདྲ་བས་ནང་ལོགས་པ་ཚོས་ཚོར་ཐབས་མེད་པའི་དཔེ་ཆ་ཀློག་པའི་དགའ་སྐྱོ་དང་ཕྱི་རོལ་པ་ཚོ་ཡིས་ཤེས་ཐབས་བྲལ་བའི་རི་ཆུ་ཀློག་པའི་སྐྱིད་སྡུག་རྣམས་སེར་སྣ་མེད་པར་ལྷུག་ལྷུག་ཏུ་བཀྲོལ་བ་ནི་གསར་དུ་བཏོད་པ་ཅི་ཡང་མིན་མོད།འདི་ནི་རིག་གནས་ལྷུག་རྩོམ་ཞེས་རང་རིགས་ལ་དར་ཕྱི་བའི་རྩོམ་ལུས་ཀྱི་ཆུ་རྒྱུན་ལ་འདུས་པའི་གངས་ཆུ་བསིལ་མ་ཞིག་ཡིན་ཞེས་སྨྲ་བར་ཕོད།

     གང་ལྟར། རི་བོ་མཐོན་པོས་སྲུང་ཞིང་། ཆུ་བོ་ཆེན་པོས་གསོ་བའི་རང་ཡུལ་གྱི་གངས་དཀར་རི་བོ་དང་རྒྱལ་མོ་རྔུལ་ཆུ་ནས་རང་ཡུལ་རང་གིས་བསྐོར་མགོ་ཚུགས་ཟིན་པས།ང་ད་རུང་འགྲོ་དགོས། རྐང་མཐིལ་མ་ཟད་བར་དུ་ཆུ་བཞི་སྒང་དྲུག་བསྐོར་ནས་འགྲོ་དགོས།ལག་པ་མ་འདར་བར་དུ་རི་ཆུའི་སྐྱིད་སྡུག་འབྲི་དགོས།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:སྦྱངས་འབྲས་ནི་གནད་འགག་གི་སྐབས་སུ་གསལ།
  • ལེ་ཚན་རྗེས་མ།:ཅི་ཞིག་ལ་ཁྱིམ་ཚང་གི་འགུལ་ལྟས་བཟང་པོ་ཟེར།