སྒེའུ་ཁུང་གས་སྲུབས་བརྒྱུད་ནས་ཡིབ་འགྲོ།

གཞི་ཚང་ཟླ་བ་གྲགས་པ།        2020-06-10

༼ ཞར་བཀོད་གཅིག༽

སྐད་ཅིག་འཛོམས་ཀྱང་ཡུད་ཀྱིས་གྱེས་པ་ནི།།

སྲིད་པ་འཁོར་བའི་གཤིས་ལ་གཏན་དུ་ཆགས།།

རྩྭ་རྩེས་ཆར་ཟིལ་རག་པའི་དབྱར་གཞུང་ནས།།

རྒྱང་ཐག་རིང་ཡང་སྒེག་ཚུགས་མི་ཉམས་པའི།།

ཁྱོད་རང་འཇའ་རིས་ཤིག་ལ་སྤྲུལ་བར་གྱིས།།

གྱང་རྩར་ཉི་འོད་ལྡེ་བའི་བགྲེས་པོ་ལྟར།།

བདག་གིས་ཕྲེང་བ་གཟུང་ཞོར་ཚུལ་འཆོས་རང་།།

སྣ་ལྔའི་མཛེས་པ་མ་ལུས་རྒྱང་ནས་འཐུང་།།

ཞོགས་པའི་ཉི་ཟེར་སྤང་གི་གཞོངས་ལ་འཕྲོས།།

ཟིལ་ཐིག་འཇིབ་པས་ཕལ་བའི་སེམས་པ་གདུང་།།

ཤ་མོག་དྲངས་ཀྱང་ཡིད་ཀྱི་འདུན་པ་འགག།

དམིགས་པ་དགུང་ལ་གཏད་པའི་བྱ་བཏང་བཞིན།།

ཁྱོད་ཀྱིས་འཁོར་བ་འདི་ལྟར་རེད་ཅེས་ཤོད།།

གཟུང་འཛིན་ཆུ་བོ་ཤིན་ཏུ་ཆད་དཀའ་ཡང་།།

བདག་ནི་གསོན་ཚེ་ཐབས་རྡུགས་རྒན་པོ་ལྟར།།

ཚེ་རབས་ཕྱི་མའི་འདུན་པ་ལོངས་སུ་སྤྱོད།།

རི་དྭགས་ཤྭ་ཁྱུ་བག་ཡང་རི་ལ་ཡན།།

བྱ་བྱེའུ་ཀུན་ཀྱང་ལྗོན་ཤིང་ཚང་མལ་རྩེན།།

བགྲེང་བུ་མི་དག་སྔར་ལྟར་སོ་ནམ་འབད།།

ལུས་ངག་སྒོ་ལ་བྲེལ་ཚུལ་དབེན་པ་བཞིན།།

ཁྱོད་ཀྱིས་རི་ཐང་སྒྱུ་མའི་འཁྲས་མཁར་རྩིགས།།

ཤིན་ཏུ་འབྲེལ་མེད་ཡུལ་དུ་གྱར་མིན་ཏེ།།

བདག་གིས་ཉི་ཟླ་དཔྲལ་བའི་མཐིལ་དུ་བཀོད།།

སྙེ་མ་ལྡེམ་ལྡེམ་འཛུམ་པའི་སྐྱབས་འཇུག་ཞུ།།

གནམ་མཐའི་བག་མ་གཏིང་ནས་སྨྲེང་བ་འམ།།

ཆར་ཟིམ་འདི་དག་གདོང་གི་མིག་ཆུར་མཚུངས།།

སྨུག་སྤྲིན་ལྷས་སུ་བབ་པའི་ཉིན་ཞག་ལ།།

ཁྱོད་རང་ཚང་དུ་གཞའ་པའི་བྱེའུ་ཆུང་བཞིན།།

གྲག་འགུལ་དབེན་པར་ཡུན་གྱིས་སྡོད་པར་བྱོས།།

འཇམ་མཉེན་བྱད་ལ་རེག་ཙམ་མ་ཕོད་པའི།།

བདག་ནི་འཆི་བར་ཉེ་བའི་སྦྲང་ནག་བཞིན།།

སྒེའུ་ཁུང་གས་སྲུབས་བརྒྱུད་ནས་ཡིབ་པར་བྱེད།།

ལས་ལ་བཏབ་པའི་ཡི་གེ

ལས་འདི་མི་རྟོགས་རླུང་བུ་ཡན་པོ་ཞིག།

བར་མཚམས་མེད་པར་ཤག་སྒྲས་ལྡང་བའི་ཚེ།།

གྲམ་གཞུང་ནང་གི་ས་རྡུལ་སྤུར་ནས་འགྲོ།

སེམས་ཀྱི་སྤྲིན་པ་རྒྱང་དུ་གནས་པར་བྱེད།།

མི་སྡུག་སྤྲིན་ནག་ནམ་གཞུང་རུག་སྟེ་སྤུངས།།

ཁངས་དང་ཆར་བ་གསེང་ནས་བྱོ་བ་ཡིས།།

སྨུག་པ་ལུང་ལ་འཐིབས་པའི་གཏམ་རྒྱུད་དང་།།

བྱེའུ་ཆུང་འཁྱག་ལ་འབྱར་བའི་རྣམ་ཐར་གླེང་།།

ལས་འདི་གསལ་བའི་མེ་ལོང་དྭངས་མ་ཞིག།

སྤྲུལ་པའི་ལྷ་མོ་འཛུམ་གྱིས་བཀད་པའི་ཚེ།།

བདེན་པའི་གནས་ལུགས་བག་ལ་ཉལ་ནས་འགྲོ།

བྱིས་པའི་རྣམ་ཤེས་ཆང་གིས་ཡོངས་སུ་བཟི།།

ཐོགས་རེག་གཟུཊ་ཅན་གཤིས་སུ་ལྷམ་མེར་སྣང་།།

ཆགས་པའི་ལག་ཟུང་གཞོགས་སུ་བཏེགས་པའི་དུས།།

གསུམ་པའི་མི་ལ་འཇའ་གཟུགས་རེད་དོ་ཞེས།།

མངོན་གྱུར་རྒད་པོས་ནན་གྱིས་ཡང་ཡང་བརྗོད།།

ལས་འདི་གཅོད་པའི་རལ་གྲི་ངར་མ་ཞིག།

གདེངས་ཀྱང་མི་དགོས་རང་སར་གནས་པའི་ཚེ།།

སེམས་ཀྱི་ལྗོན་པ་ངང་གིས་བཅད་ནས་འགྲོ།།

མི་འདོད་ལོ་མ་མིག་ལམ་མངོན་ནས་ཀྱང་།།

མིག་ཆུ་བསིལ་མས་གློ་སྙིང་འཁྱག་པར་བྱེད།།

སྐྱོབ་པའི་དཔུང་གཉེན་མི་མངའ་ཕྱི་ནང་སྟོང་།།

བྲན་ཕྲུག་མ་གྱུར་ཡིག་འབྲུ་རྡོག་པོ་གཉིས།།

མཐའ་མཇུག་བདག་ལ་ཐོབ་པའི་སྨོན་ལམ་བཏབ།།

ཀྱེ་མ་ལས་འདི་གཡུག་ལ་སྐྱུར་ཐབས་བྲལ།།

ཡས་མས་མཚམས་སུ་བཅས་པའི་འགོང་པོ་ལ།།

སྨག་གིས་བསྐྲུན་པའི་འཇིག་རྟེན་ཧྲིལ་བོ་ཐོབ།།

ལུས་སེམས་དྲོས་པའི་ཉི་འོད་གནའ་ནས་བསྐམས།།

ལྷགས་པའི་རེག་བྱ་ཡོངས་སུ་གདལ་པ་ཡིས།།

ཁ་རླངས་དག་ལ་དྲོད་ཀྱི་བདེ་བ་བོར།།

མིག་འདི་འཁྲུལ་པས་བདག་ཏུ་བཟུང་མིན་ན།།

མཐོང་བའི་ལམ་གང་གཡང་རོང་འབའ་ཞིག་གོ།



  • ལེ་ཚན་སྔོན་མ།:སྟོན་གྱི་སྙན་ཚིག
  • ལེ་ཚན་རྗེས་མ།:བསྔགས་བརྗོད་དད་གསུམ་གྱི་མཆོད་སྤྲིན་དཀར་པོ།