བློ་རིག་བསྒྲིམས་ནས་དབུལ་ཐར་ཡོང་བར་བརྩོན་ལེན་བྱེད།

དབྱང་ཅན་དང་ཀུན་དགས་བསྒྱུར།        2020-06-08

སེར་ཤུལ་རྫོང་གིས་དབུལ་ཐར་འགག་སྒྲོལ་ཇེ་མགྱོགས་བྱས་ནས་མཇུག་བསྡུའི་སྒུལ་ཤུགས་ཆེ་རུ་གཏོང་བའི་གནས་ཚུལ་རགས་བཀོད།

བློ་རིག་བསྒྲིམས་ནས་དབུལ་ཐར་ཡོང་བར་བརྩོན་ལེན་བྱེད།

དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་རྒྱུན་མཐུད་དུ་འཕེལ་རྒྱས་བཏང་བ་དང་སྐུལ་འདེད་གནད་སྨིན་གཏོང་བར་བརྒྱུད་ད་ལྟའི་སེར་ཤུལ་རྫོང་གི་རྫོང་གྲོང་གི་རྣམ་པ་འཕོ་འགྱུར་ཆེན་པོ་བྱུང་ཡོད། ཁྱད་ཆོས་ལྡན་པའི་གཞིས་མིའི་སྡོད་ཁང་གྲལ་སྟར་འགྲིག་ཅིང་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་ཕྱིན་བཞིན་པ་རེད། པར་འདི་ནི་སེར་ཤུལ་རྫོང་གྲོང་གི་ཟུར་ཞིག་རེད།

    2019ལོའི་སྤྱི་ཟླ4པའི་ཚེས1ཉིན་གྱི་དགོང་མོར་སེར་ཤུལ་རྫོང་ཁྲོ་ཤུལ་གོང་མ་ཡུལ་ཤོག་ཏུ་རིམ་པ5.6ཅན་གྱི་ས་འགུལ་བྱུང་ནས་ས་གནས་དེ་གའི་སྡོད་ཁང་འགའ་ཤས་ལ་གནོད་སྐྱོན་ཐེབས་ཡོད་ཅིང་། ཉིན་དེའི་དགོང་མོར་རྫོང་དེའི་འཇུ་སྒར་གྲོང་རྡལ་འཇུ་མང་གྲོང་སྡེའི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས90ཡིས་འཕྲིན་ཕྲན་ཚོགས་པར་ཞལ་འདེབས་མ་དངུལ་བསྡུ་རྒྱུའི་སྐུལ་སློང་བྱས་ཤིང་། སྤྱི་ཟླ4པའི་ཚེས2ཉིན་གྱི་ཞོགས་པར་འཇུ་མང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསྟན་འཛིན་གྱིས་ཞལ་འདེབས་མ་དངུལ་སྒོར2900ཁྱེར་ནས་ཁྲོ་ཤུལ་གོང་མ་ཡུལ་ཤོག་ལ་སྤྲད་པས་མ་ཚད་སྡེ་མི་ཡོངས་ཀྱི་གཞིས་མིའི་ཚབ་བྱས་ནས་འཚམས་འདྲི་ཞུས་པ་རེད། སྔོན་ཆད་ཀྱི་དུད་ཚང་དབུལ་ཕོངས་ཀྱིས་མ་སྐུལ་དང་བླངས་ཀྱིས་ཞལ་འདེབས་མ་དངུལ་ཕུལ་བ་ནི་འཚོ་བ་ཡར་རྒྱས་དང་དྲིན་གཟོ་མདུན་བསྐྱོད་ཀྱི་རྣམ་པ་མཚོན་ཐུབ་ལ། སེར་ཤུལ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་འཐའ་ཇུས་ལག་བསྟར་གཏིང་ཟབ་བྱས་པར་གཡུ་ཟའི་གྲུབ་འབྲས་ཐོབ་པའི་མཚོན་ཚུལ་ཡང་ཡིན་པ་རེད། སེར་ཤུལ་རྫོང་ནི་ཁུལ་ཡོངས་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་དབུལ་པོའི་ནང་གི་དབུལ་པོ་དང་དཀའ་གནད་ཆེ་ཤོས་ནང་གི་ཆེ་ཤོས་ཡིན་པས། གྲོང་སྡེ་དབུལ་ཕོངས112དང་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས5717གྱི་མི་གྲངས25444ཡོད་པས་རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱབ་ཚད་བརྒྱ་ཆ22.88ལ་ཟིན་པ་རེད།

སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་དབུལ་ཕོངས་ཀྱི་འགག་གནད་གཏོར།

གྱོན་གོས་འདི་ཤིན་ཏུ་ཡག་པས་མ་ཚད་ལུས་ལ་གྱོན་ན་ཤིན་ཏུ་དྲོན་པོ་འདུག ཨ་ཁུ་དང་ཨ་སྲུ་ཚོར་བཀའ་དྲིན་ཆེ་ཞེས་པ་འདི་ནི་ཉེ་ཆར་སེར་ཤུལ་རྫོང་ཁྲོ་ཤུལ་གོང་མ་ཡུལ་ཤོག་ཁྲ་རྒྱབ་གྲོང་སྡེའི་སློབ་ཆུང་གི་ལོ་རིམ་གསུམ་པའི་སློབ་མ་དབུལ་ཕོངས་གཡང་མཚོས་སྨྱུག་འཛིན་པར་བཤད་པའི་སྐད་ཆ་དུམ་བུ་ཞིག་རེད། ཉིན་དེར་གཅེས་སེམས་མཚོན་པའི་དངོས་ཟོག་ལེགས་སྐྱེས་སུ་ཕུལ་བའི་མཛད་སྒོ་དེ་ཁྲ་རྒྱབ་གྲོང་སྡེར་སྤེལ་ནས་སློབ་གྲྭ་དེའི་དགེ་སློབ102ལ་སི་ཁྲོན་ལ་རོགས་སྐྱོར་བྱེད་མཁན་གྱི་ཧྲེང་ཀྲེན་ལས་སྒྲུབ་རུ་ཁག་གིས་སྒོར3300རི་བའི་གྲང་འགོག་གྱོན་གོས་ལེགས་སྐྱེལ་སུ་ཕུལ་བ་རེད།

ཉེ་བའི་ལོ་ཤས་རིང་།སེར་ཤུལ་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་དེ་ཆེས་ཆེ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་དམངས་འཚོའི་ལས་གྲྭ། འཕེལ་རྒྱས་ཀྱི་གོ་སྐབས་བཅས་ལ་བརྩིས་ཏེ་རྩ་འཛུགས་ཀྱི་འགན་ལེན་དང་སྲིད་ཇུས་དོན་འཁྱོལ། ཐོན་ཁུངས་སྙོམས་སྒྲིག་བྱ་རྒྱུ་སོགས་ཀྱི་ཐད་ལ་ཐབས་མང་མཉམ་འདོན་དང་སེམས་ཤུགས་གཅིག་སྒྲིམ་བྱས་མཐར་དབུལ་ཐར་འགག་སྒྲོལ་གྱི་དཀའ་གནད་ལས་བསྒྲལ་བ་རེད།

རྫོང་དེས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་སྤེལ་བའི་སྐབས་སུ་ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོས་ཚོགས་ཆུང་གི་ཚོགས་དཔོན་གྱི་འགན་འཁུར་བའི་དབུལ་ཐར་འགག་སྒྲོལ་གྱི་མགོ་ཁྲིད་ཚོ་ཆུང་བཙུགས་ནས་རྫོང་ཡོངས་སུ་རྫོང་དང་ཡུལ་ཤོག གྲོང་སྡེ་བཅས་རིམ་པ་གསུམ་གྱི་ཧྲུའུ་ཅི་ཡིས་མཉམ་འཛིན་དང་རིམ་པ་ཁག་གི་ལས་བྱེད་པས་མཉམ་སྒྲུབ་བྱེད་པའི་རྣམ་པ་ཆགས་ཤིང་། ཚན་རིག་དང་མཐུན་པའི་《ནུས་ཤུགས་གཅིག་བསྡུས་བྱས་ཏེ་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་ཅིང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་ཁག་ཐེག་བྱེད་པའི་སྤྱིའི་འཆར་འགོད》གཏན་འཁེལ་བྱས་ཏེ། ལོ་རེ་བཞིན་དབུལ་སྐྱོར་གྱི་ཆེད་དོན་ལས་གཞི19ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་རྫོང་རིམ་པའི་འབྲེལ་འདྲིས་བྱེད་མཁན་མགོ་ཁྲིད་ཀྱི་འགན་འཁྲི་དང་ཡུལ་ཤོག་དང་གྲོང་རྡལ་ཏང་སྲིད་ཀྱི་གཙོ་འགན་ཁུར་མཁན་གྱི་འགན་འཁྲི་གཙོ་བོ། གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་གཙོ་འགན་ཁུར་མཁན་དང་ཧྲུའུ་ཅི་དང་པོས་ཐད་ཀར་འགན་འཁྲི་ཁུར་བ། རོགས་སྐྱོར་འབྲེལ་འདྲིས་སྡེ་ཚན་གྱིས་རོགས་སྐྱོར་འབྲེལ་འདྲིས་བྱས་པའི་འགན་འཁྲི་ཁུར་བའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། སྣ་ཁ་དང་རིམ་པ་བགོས་ནས་དམིགས་ཡུལ་གྱི་འགན་འཁྲི་ཡི་གེ་དང་དམ་བཅའི་གན་རྒྱ་ཡི་གེ་བཞག་པ་རེད།

ཉེ་བའི་ལོ་ཤས་རིང་རྫོང་དེས་དབུལ་སྐྱོར་ལས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འགྲིམ་འགྲུལ་ཐད་མ་དངུལ་སྒོར་དུང་ཕྱུར46.6337བཏང་ནས་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ383.578བསྐྲུན་པ་དང་། མ་དངུལ་སྒོར་དུང་ཕྱུར20བཏང་ནས་གྲོང་སྡེའི་འགྱིག་སྣུམ་གཞུང་ལམ་སྤྱི་ལེ450དང་ཨར་འདམ་གཞུང་ལམ་སྤྱི་ལེ3450 ཟམ་པ27 ཞིང་སྡེའི་འགྲུལ་སྐྱེལ་རླངས་འཁོར་ས་ཚུགས3 ཞིང་སྡེའི་འགྲུལ་སྐྱེལ་སྣེ་ལེན་ས་ཚུགས20བཅས་འཛུགས་སྐྲུན་བྱས་ཡོད། འཐུང་ཆུ་གཙང་མའི་ཐད་མ་དངུལ་སྒོར་དུང་ཕྱུར3.6བཏང་ནས་ཆུ་རྫིང750དང་གནོན་ལེན་ཆུ་དོང1880 སྦུ་གུའི་ཆུ་འདྲེན་ས་ཚུགས5བཅས་འཛུགས་སྐྲུན་བྱས་ཡོད། གློག་སྤྱོད་ཉེན་མེད་ཡོང་བའི་ཐད་མ་དངུལ་སྒོར་དུང་ཕྱུར8.2བཏང་ནས་སྟོང་ཧྥུ35ཅན་གྱི་གློག་འདྲེན་སྐུད་ལམ་སྤྱི་ལེ245.69དང་སྟོང་ཧྥུ10ཅན་གྱི་གློག་བགོས་སྐུད་ལམ་སྤྱི་ལེ1889.65 35kVཅན་གྱི་གློག་བསྒྱུར་ས་ཚུགས4བཅས་གསར་དུ་བཙུགས་ཡོད་པ་རེད། སྡོད་ཁང་ཉེན་མེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར6.15བཏང་ནས་དུད་ཚང3429ཡི་མི་གྲངས12099 ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བྱས། མ་དངུལ་སྒོར་དུང་ཕྱུར1.7བཏང་ནས་གྲོང་སྡེ་དབུལ་ཕོངས་ཀྱི་གད་སྙིགས་གསོག་འཇོག་བྱེད་ས201དང་ཆབ་ཁང116 ཉི་ནུས་གློག་སྒྲོན2536བཅས་བསྐྲུན་ཡོད་པ་རེད།

རྒྱུན་མཐུད་དུ་ནུས་ཤུགས་བཏོན་ནས་དབུལ་ཕོངས་བསྐྱར་ལོག་ཡོང་བར་ནན་འགོག་བྱེད།

ད་ལོའི་སྤྱི་ཟླ2པའི་ཚེས4ཉིན། སེར་ཤུལ་རྫོང་དབུལ་ཐར་འགག་སྒྲོལ་གཞུང་ལས་ཁང་གིས《རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་རིང་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས་དབུལ་སྐྱོར་བྱ་ཡུལ་གྱི་ཆ་འཕྲིན་གཞི་གྲངས་ཞིབ་བཤེར་དཔྱད་བསྡུར་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། རྫོང་ཡོངས་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས5717ལ་རེ་རེ་བཞིན་དུ་ཞིབ་བཤེར་དཔྱད་བསྡུར་བྱས་པར་མ་ཟད། རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྦོལ་ཆ་འཕྲིན་མ་ལག་གི་ཁ་པརAPPཐོག་ཏུ་ཕབ་པ་དང་། སྤྱི་ཟླ4པའི་ཚེས8ནས12བར་སེར་ཤུལ་རྫོང་གིས་རྫོང་ཡོངས་སུ་དབུལ་ཐར་འགག་སྒྲོལ་ལས་དོན་ཐད་མི་འདང་སར་རང་གིས་ཞིབ་བཤེར་བྱས་ཏེ་བསྡོམས་པས་གནད་དོན་རིགས་ཆེན་པོ11རྩད་ཆོད་ཐུབ་ཡོད་པ་དང་འབྲེལ་དམིགས་སའི་རང་བཞིན་གྱི་དག་ཐེར་བྱེད་ཐབས་མགྱོགས་མྱུར་དུ་བཟོས་པ་རེད། སྤྱི་ཟླ4པའི་ཚེས24ཉིན། སེར་ཤུལ་རྫོང་གིས་ཁུལ་རིམ་པའི་སྒོ་བྱང་བཀལ་བའི་ལྟ་སྐུལ་ལས་དོན་གྱི་ལྡོག་འདྲེན་ཚོགས་འདུ་འཚོགས་ནས་ཕྱོགས་ཡོངས་ནས་ལྟ་སྐུལ་དཔྱད་སྡུར་ཞིབ་བཤེར་བྱས་ཏེ་འཕྲལ་སྒྲུབ་འཕྲལ་བཅོས་དང་ཞན་ཆ་གསབ་པ་བཅས་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། སེར་ཤུལ་རྫོང་གིས་དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མི་འདོར་བའི་བླང་བྱ་ལྟར། འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་མཐར་གཅིག་ཏུ་བྱས་ཏེ་དབུལ་ཕོངས་བསྐྱར་ལོག་ཡོང་བར་སྔོན་འགོག་གང་ཐུབ་བྱས་པ་རེད། སློབ་གསོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པའི་ཐད་སློབ་གསོའི་དབུལ་སྐྱོར་ལ་རྒྱུན་མཐུད་དུ་སྐུལ་འདེད་བཏང་བ་དང་། རྫོང་རིམ་པའི་སློབ་གསོའི་དབུལ་སྐྱོར་ཐེབས་རྩ་སྒོར་ཁྲི600གྲ་སྒྲིག་བྱས་ནས་སློབ་གསོའི་དམངས་ཕན་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མར་རྩ་ཆག་གསུམ་དང་ཁ་གསབ་གཅིག་གི་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི19429.35སྤྲད་པ་དང་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་བུ་ཕྲུག(སློབ་ཆེན་དང་འབྲིང་རིམ་ཆེད་སྦྱོང)ལ་དམིགས་བསལ་རོགས་དངུལ་སྒོར་ཁྲི41.67སྤྲད་པ། ཞིང་འབྲོག་པའི་བུ་ཕྲུག་གི་སློབ་ཡོན་ཁ་གསབ་སྒོར་ཁྲི450.8སྤྲད་པ།སྨན་བཅོས་འགན་ལེན་ལ་ཤུགས་སྣོན་རྒྱག་པའི་ཐད་འཕྲོད་བསྟེན་དབུལ་སྐྱོར་ཐེབས་རྩ་སྒོར་ཁྲི500སྤྲད་པ། སྨན་བཅོས་རོགས་སྐྱོབ་དངུལ་སྒོར་ཁྲི166.395སྤྲད་ནས་རྩ་ཆག་བཅུ་དང་ཁ་གསབ་བཞི་སོགས་འཕྲོད་བསྟེན་དབུལ་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་རེད། འཆར་ལྡན་བུ་བཙའི་སྣ་གསུམ་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཁ་གསབ་མ་དངུལ་སྒོར་ཁྲི574.356ལ་ཟིན་ནས་མི་འབོར་དབུལ་པོའི་སྨན་བཅོས་ཞབས་ཞུའི་གན་རྒྱ་འཇོག་ཚད་བརྒྱ་ཆ100ལ་ཟིན་པ་རེད། སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། གྲོང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ལ་སྔ་ཕྱི་བར་དུ་རིམ་རྩིས་བྱས་ན་འཚོ་བའི་འགན་སྲུང་མ་དངུལ་སྒོར་དུང་ཕྱུར3.89བཏང་ཡོད། གནས་སྐབས་རོགས་སྐྱོར་བྱ་ཡུལ་ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི79.91སྤྲད་ནས་རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་སྡེའི་གཞིས་མིའི་རྒན་གསོའི་འགན་བཅོལ་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་ཡོད། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར་ཁྲི5914.41གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྤྲད་ཡོད། མ་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། སེར་ཤུལ་རྫོང་གིས་རྒྱལ་ཁབ་ཀྱི་ལས་གཞིའི་མ་དངུལ་འདང་ངེས་སྤྱད་དེ་རིམ་པ་རང་ཉིད་ཀྱི་ནོར་སྲིད་གཏོང་ཆ་ལོ་རེ་བཞིན་མང་དུ་གཏང་རྒྱུའི་གཏན་འབེབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། ཡིད་རྟོན་དངུལ་བུན་གྱི་མ་དངུལ་གནད་སྨིན་ངང་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་ཡན་ལག་འགན་བཅོལ་ཐེབས་རྩ་སྒོར་ཁྲི1400གྲབས་གསོག་བྱས་པ་རེད།

ནུས་ཤུགས་གནད་དུ་སྨིན་པ་བཏོན་ནས་འབྱོར་འབྲིང་དུ་སྐྱོད་པར་རྨང་གཞི་བརྟན་པོ་བཏིང་།

བསང་གི་མ་ཎི་མཛེས་ལྗོངས་ཁུལ་ནི་སེར་ཤུལ་རྫོང་ཨ་རིགས་ཡུལ་ཤོག་ཏུ་ཡོད་ཅིང་། དེ་ནི་འགྲོ་བ་མིའི་ཆོས་ལུགས་རིག་གནས་ཀྱི་མཛེས་ལྗོངས་དང་རང་བྱུང་མཛེས་ལྗོངས་མཉམ་འདྲེས་བྱས་ནས་གྲུབ་པའི་མཛེས་ལྗོངས་ལེགས་ཆ་འཛོམས་པ་ཞིག་མོད། སྔོན་ཆད་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པའི་རྐྱེན་གྱིས་མི་དམངས་ཕྱུག་པོར་ཆགས་པའི་རིན་ཐང་འདོན་སྤེལ་གང་ལེགས་བྱེད་ཐུབ་མེད་པ་རེད། དབུལ་ཐར་འགག་སྒྲོལ་བྱེད་མགོ་བཙུགས་པ་ནས་བཟུང་སེར་ཤུལ་རྫོང་གིས་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་འབབ་འཕར་ལ་སྐུལ་ཁྲིད་བྱེད་མཁན་གྱི་ཐོན་ལས་འཛུགས་སྐྱོང་བྱེད་གང་ཐུབ་བྱས་པ་རེད། ཉེ་ཆར། མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱིAབཞི་རིམ་པའི་མཛེས་ལྗོངས་ཁུལ་དུ་དངོས་སུ་བདམས་ཡོད། ཨ་རིགས་རྫ་ཡུལ་ཤོག་མཚོ་འབུད་གྲོང་སྡེའི་གཞིས་མི་དོན་གྲུབ་ཀྱིས་གནས་ཚུལ་དེ་ཐོས་རྗེས་དགའ་ཚོར་ཆེན་པོའི་ངང་ཡུལ་སྐོར་བ་མང་དུ་ཕྱིན་ན་ང་ཚོས་ཡུལ་མིའི་མགྲོན་ཁང་གཉེར་བ་དང་ཁྱད་ཆོས་ཐོན་རྫས་འཚོང་ཆོག་པ་རེད། དེས་ན་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཡིད་ཆེས་ཀྱང་སྔར་བས་ཆེ་རུ་ཕྱིན་བྱུང་ཞེས་བཤད།

ཐོན་ལས་ནི་དབུལ་ཐར་གྱི་རྩ་བའི་རྟེན་གཞི་ཞིག་ཡིན་ལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན། སེར་ཤུལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་འབབ་འཕར་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཡོད། སྔ་རྗེས་སུ་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར29.56སྙོམས་སྒྲིག་བྱས་ནས་ཐོན་ལས་ཀྱི་ཡིད་རྟོན་དངུལ་བུན་སྒོར་ཁྲི7620.3བཏང་ཡོད་པ་རེད། ཁྱད་ཆོས་ཀྱི་ཞིང་འབྲོག་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི1000བཏང་ནས་ཞིང་ཁ་ཆུ་བེད་ལས་གྲྭའི་ལས་གཞི་ལག་བསྟར་བྱས་ཡོད། གྲུབ་ཚུལ་ལེགས་སྒྲིག་དང་སྤུས་རྟགས་གསར་གཏོད། ཁྱད་ཆོས་ལ་མཐོང་ཆེན། གླིང་ཁུལ་འཛུགས་སྐྲུན་བཅས་ཀྱི་བསམ་ཕྱོགས་ལྟར། ཞིང་ལས་ལ་འཚམ་ན་ཞིང་ལས་དང་འབྲོག་ལས་ལ་འཚམ་ན་ཕྱུགས་ལས་གཉེར་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཆེད་ལས་མཉམ་ལས་རྩ་འཛུགས63འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱས་ཡོད། ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད3ལེགས་གྲུབ་བྱུང་ནས་ཡུལ་ཤོག་ཚང་མར་ཁྱད་ཆོས་ཐོན་ལས་ཡོད་པ་དང་གྲོང་སྡེ་ཚང་མར་འབབ་འཕར་ཐབས་ལམ་ཡོད་པ། དུད་ཚང་ཚང་མར་འབབ་འཕར་ཐབས་ལམ་ཡོད་པ་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། ཐོན་ལས་ཀྱི་སྤུས་རྟགས་གཏོད་རྒྱུའི་ཐད། ཐོན་ཁུངས་ལ་གཞི་ཚུགས་པ་དང་རྟེན་གཞི་སྐྲུན་ཤུགས་ཆེ་རུ་གཏོང་བ། སྤུས་རྟགས་གཏོད་རྒྱ་ཆེ་རུ་གཏོང་བ། ཁྲོམ་ར་རྒྱ་ཆེར་གཏོང་བ། མང་ཚོགས་ལ་ཕན་པ་ཐོབ་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་སྒོར་དུང་ཕྱུར2.1བཏང་ནས་འདན་མའི་མཛེས་ལྗོངས་ལྟ་སྐོར་བྱེད་སའི་སྐྱེ་ཁམས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ཁུལ་འཛུགས་སྐྱོང་བྱས་ཏེ། དེ་ལ་སྟར་རུ་དང་གྲོ་མ། ལྕུམ་རྩྭ་སོགས་གཞི་ཁྱོན་ཅན་གྱི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་དང་སྐུལ་འདེད་བཏང་བའི་དུས་མཚུངས་སུ། མངའ་ཁོངས་ནང་གི་རྒྱལ་ཁབAལྔ་རིམ་པའི་མཛེས་ལྗོངས་ཁུལ5ཡི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་པ་རེད།

དབུལ་ཐར་བྱ་རྒྱུ་དེ་ཏང་གི་སྲིད་ཇུས་བཟང་པོར་བརྟེན་དགོས། དབུལ་ཐར་འགག་སྒྲོལ་གྱི་བརྒྱུད་རིམ་ཁྲོད་སེར་ཤུལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་བར་མཐོང་ཆེན་བྱས་དང་བྱེད་བཞིན་ཡོད་པ་རེད། སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱག་རྒྱུའི་ཐད་འཇམ་གསོ་ལས་གྲྭ་དམ་འཛིན་བྱ་གཞིར་བྱས་ནས་སྲིད་ཇུས་དང་སྒྲིག་ཁྲིམས། གོམས་གཤིས། དར་སྲོལ། དྲིན་གཟོ། རང་གཅེས་བཅས་ཀྱི་སློབ་གསོ་ཆེན་པོ་དྲུག་རྒྱུན་གཏན་བཞིན་སྤེལ་ནས་བློ་སྐྱོར་དང་རིག་སྐྱོར་གཉིས་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:བསྒྲུབས་པའི་བྱ་བ་བྱས་རྗེས་སུ་གྲུབ་པར་བྱེད།
  • ལེ་ཚན་རྗེས་མ།:དབྱར་རྩྭ་དགུན་འབུ་རྐོ་ཡུལ་དུ་ཏང་དར་ལྷབ་ལྷུབ་གཡོ།
  • དོ་སྣང་ཆེ་བའི་རྩོམ།