ཤར་པ་ཆོས་འབྱུང་ལས་བྱུང་བའི་མི་ ཉག་དང་ལྕགས་ལའི་སྐོར།

མི་ཉག་ཐུབ་བསྟན་ཆོས་དར།        2020-06-05

ཤར་པ་སངས་རྒྱས་བསྟན་འཛིན་གྱིས་དུས་རབས་ཉི་ཤུ་པའི་ནང་མཛད་པའི《ཤར་པ་ཆོས་འབྱུང་དང་མེས་རབས》ལས་ལྡེབ ༡༣༢ ན། “མིའུ་གདུང་དྲུག་གི་ཡ་གྱལ། ལྡོང་གི་རིགས་ལས་མཆེད་པའི་མེས་པོ་སྒེར་རྒྱལ་དཔོན་གཡོག་འཁོར་དང་བཅས་པ་ཁམས་ཕྱོགས་ལ་ཕེབས་ཏེ། མདོ་ཁམས་སྒང་དྲུག་ཡོད་པ་ལས། ཟལ་མོ་སྒང་དུ་གནས་བཅས་སོ།། ཟལ་མོ་སྒང་འདིའི་ཕུ་ངོས་ལ། མི་གཉགས་རི་མང་ཟེར། མདའ་ངོས་ལ་ཚ་མོ་རོང་ཟེར་བ་ཡིན། གཞན་ཡང་གོང་གི་གདུང་རིགས་སོ་སོ་ལས་གྱེས་པ་ཕལ་མོ་ཆེ་ཁམས་ཕྱོགས་སུ་ཆགས་སོ།། .... སྒེར་རྒྱལ་གྱི་སྲས་ཐ་ཆུང་མགོན་སྐྱབས་ལས་མི་བརྒྱུད་མང་ཞིག་རིམ་པར་མཆེད་པ་ལས། མི་ཆེན་བསམ་པ་ལགས་འཁྲུངས། དེ་ལ་མི་ཆེན་དབང་ཏ་རེ་འཁྲུངས། དེ་ལ་མི་ཆེན་གྲགས་པ་དང་ཐར་པ་གཉིས་འཁྲུངས། .... གོང་གི་མེས་པོ་སྒེར་རྒྱལ་གྱི་བུ་བརྒྱུད་མང་ཆེ་བ་མི་གཉགས་རི་མང་ལ་ཆགས་པས། མི་དེ་རྣམས་ལའང་མི་གཉགས་པ་ཞེས་ཟེར་བ་ཡིན། མི་གཉགས་པའི་རིགས་ལས་མཆེད་པའི་རུས་གཞན་ནི། ཤར་པ། ཤིས་བྲག་པ། མདོ་གྲུབ་པ་སོགས་ཡིན། དེ་ལྟར་དུ་གནས་པའི་དུས་ཤིག་ན། ཧོར་དང་སོག་པོ་དང་བདུད་ཡུལ་སོགས་སུ། གླིང་གེ་སར་རྒྱལ་པོས་དམག་དྲངས་ཏེ་ཡུན་རིང་འཐབ་པའི་རྐྱེན་གྱིས། གོང་གི་མི་ཆེན་གྲགས་པ་སོགས་ཁམས་ཀྱི་མི་མང་ཙམ་ཞིག་བྲོས་འཁྱམས་ལ་ཕྱིན་པ་ཡིན་ནོ།། དེ་ཡང་འདི་ལྟར། ཁམས་མི་གཉགས་ནས་མི་ཆེན་གྲགས་པ་ཉེ་འཁོར་གང་ཡོད། ཁམས་ལྷོ་བྲག་གྲ་སྔ་ནས་བླ་མ་དགོན་པ་གོང་མ་ཉེ་འཁོར་གང་ཡོད། ཁམས་ཞྭ་མོ་དུལ་དུམ་ནས་བླ་མ་དགོན་པ་འོག་ཉེ་འཁོར་གང་ཡོད། ཁམས་ཀཿཐོག་གམ་སེར་ཏ་ནས་བླ་མ་སེར་པ་ཉེ་འཁོར་གང་ཡོད། ཁམས་སྙེས་དོང་ནས་ལྕ་བ་ཉེ་འཁོར་གང་ཡོད། ཁམས་ཨུ་ནི་ནས་ཐ་མེད་ཉེ་འཁོར་གང་ཡོད་བཅས། རང་རང་གི་ཕ་ཡུལ་བསྐྱུར་ནས་བོད་ལྷ་སའི་ཕྱོགས་སུ་ཁ་གཏད་དེ་བྱང་ཐང་བརྒྱུད་ནས་ཡོང་།....དེ་ནས་ཁམས་པ་དེ་ཚོ་ཚང་མ་རིམ་གྱིས་སྟོད་ངོས་ལ་འབྱོར་ཏེ། དིང་རི་གླིང་བ་སྐོར་སོགས་ལ་མི་ལོ་ཁ་ཤས་བསྡད་པ་ཡིན་ནོ། ། འོན་ཀྱང་གཞི་བཅས་ཀྱི་བོད་པ་དང་གློ་བུར་དུ་སླེབས་པའི་ཁམས་པ་གཉིས།མི་རིགས་དང་བསམ་ཚུལ་འཚོ་སྐྱོང་སོགས་ཅུང་ཟད་མི་འདྲ་བའི་དབང་གིས་ཁམས་པ་རྣམས་སྡོད་གནས་གསར་པ་འཚོལ་དུ་ཕྱིན་པས།གངས་རིའི་ཕ་རྒྱབ་རྒྱ་གར་ཕྱོགས་སུ་ལུང་སྟོང་མི་མེད་ཀྱི་གནས་ཡིན་པར་ཁུམས་པའམ་ཤེས་སོ།།” ཞེས་གསུངས་པས། དེང་སྐབས་བལ་ཡུལ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པའི་ཤར་པ་རྣམས་ནི། བོད་སིལ་བུའི་སྐབས་དུས་རབས་བཅུ་གཅིག་ནང་ཁམས་ཕྱོགས་ནས་བྲོས་བཤོལ་བྱས་པའི་རིགས་སྡེ་ལས་བྱུང་བ་ཡིན་པ་དང་། མ་ཟད་མི་ཉག་མི་ཆེན་གྲགས་པ་དེ། ཁམས་མི་ཉག་གི་ཡུལ་དང་། དཔོན་གྱི་བརྒྱུད་པ་ཡིན་པ་བཅས་གསལ་པོར་བསྟན་ཡོད་པས། མི་ཆེན་གྲགས་པ་ནི་དར་རྩེ་མདོ་དང་ལྕགས་ལའི་རྒྱལ་རྒྱུད་ལ་འབྲེལ་པ་དམ་ཟབ་ཡོད་པར་གསལ་ལོ།།

རྒྱའི་དེབ་ཐེར《元史》ལས། སེ་ཆེན་ཁྲི་ལོ་བཅུ་བདུན་པའི(元祖十七年1280)ལོར་གླིང་དཔོན་རྗེས་རྒྱལ་མོ་རྔུལ་ཆུའི་ནུབ་བཟུང་ཡོད་པས། གླིང་ཕུད་མ་ཐུབ། (令布吉守长河西、无令迁易) ཅེས་གསུངས་པས། བསྟན་པ་ཕྱི་དར་གྱི་སྐབས། གླིང་གེ་སར་རྒྱལ་པོས་མི་ལོ་མང་པོའི་རིང་ལ་མདོ་ཁམས་གྱི་ཡུལ་གྲུབ་རྣམས་དང་ཧོར་དང་སོག་པོ་དང་འཇང་ཡུལ་སོགས་སུ་དམག་ཐེངས་མང་དྲངས་ཏེ་དབང་བསྒྱུར་བྱེད་བཞིན་ཡོད་པ་གོང་གི་ལོ་རྒྱུས་དང་གེ་སར་གྱི་སྒྲུང་ཡིག་སོགས་ལས་གསལ་པོར་རྟོགས་ནུས་སོ།།

དུས་རབས་ཉི་ཤུ་པའི་མཇུག་ཏུ་དབུ་མཛད་མོ་བུ་དོས་བསྒྲིགས་པའི《ལྷ་མོ་རྩེ་དགོན་པའི་ལོ་རྒྱུས》ལས། “བླ་མ་དད་པ་བཟང་པོ་ནི་རབ་བྱུང་གསུམ་པའི་ཆུ་ཕོ་རྟའི་ལོར་མདོ་དཔོན་གྲགས་པ་རྒྱ་མཚོའི་ཁྱིམ་དུ་སྐུ་འཁྲུངས། དགུང་ལོ་དྲུག་ཏུ་གཞན་ཕན་གླིང་དུ་རབ་ཏུ་བྱུང་། དགུང་གྲངས་བཅུ་བཞིར་གྲྭ་ས་གསང་ཕུ་ཞུགས། གཞུང་ཆེན་ལྔར་གསན་སྦྱངས་མཛད། དབང་ལུང་མན་ངག་ཞུས། གནས་འདི་དགེ་འདུན་རྣམས་ཀྱི་བསྔགས་པའི་འོས་སུ་གྱུར། གསང་ཕུ་གླིང་སྟོད་མཐོང་སྨོན་གྲྭ་ཚང་གི་མཁན་པོར་བསྐོས། གདན་ས་ཆེན་མོ་སྐྱོར་མོ་ལུང་མཁན་པོའང་མཛད། དབུས་ནས་རང་དགོན་དུ་ཕེབས་སྐབས།ཡུལ་དགོན་གྱིས་ཕེབས་བསུ་ཟབ་རྒྱས་གནང་སྟེ་བསྟན་འགྲོར་གཅིག་ཏུ་སྨན་པའི་མཛད་བཟང་བསམ་གྱིས་མི་ཁྱབ་པའོ།།” ཞེས་གསུངས་པས། དུས་རབས་བཅུ་གཉིས་པ་རབ་བྱུང་གསུམ་པ་ཆུ་རྟ་སྤྱི་ལོ ༡༡༦༢ ལོར་དར་རྩེ་མདོའི་དཔོན་པོ་ནི་གྲགས་པ་རྒྱལ་མཚན་ཞེས་པ་འབོད་པ་དེ་ཡིན་པ་ཤིན་ཏུ་གསལ། མ་ཟད་གོང་གི《ཤར་པ་ཆོས་འབྱུང》ལས་བྱུང་བའི་མི་ཉག་མི་ཆེན་གྲགས་པ་དང་འདིར་སྨྲས་པའི་མདོ་དཔོན་གྲགས་པ་རྒྱལ་མཚན་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཡང་སྲིད་དེ། དེ་གཉིས་ཀྱི་མཚན་དང་དུས་སོགས་ཤིན་ཏུ་ཉེ་བས་སོ།།


  • ལེ་ཚན་སྔོན་མ།:《དབུ་ནག་མིའུ་འདྲ་ཆགས》སུ་བཀོད་པའི་ མི་ཉག་རབ་སྒང་གི་མིང་གི་སྐོར།
  • ལེ་ཚན་རྗེས་མ།:མི་རྗེ་གཉའ་ཁྲི་བཙན་པོའི་རིགས་ལས་མཆེད་པའི་གཡུ་ཁོག་དཔོན་ཚང་གི་ཁྱིམ་རྒྱུད།
  • དོ་སྣང་ཆེ་བའི་རྩོམ།