སྟོན་གྱི་སྙན་ཚིག

ཁམས་སྨྱོན་ཧེ་རུ་ཀ        2020-06-04

སྣ་བརྒྱ་མེ་ཏོག་སྟོན་ལ་གྱེས་ཤིང་སྨུག་སྤྲིན་འཁྱམ་པོ་རི་སུལ་འགྲིམས།།

ལྷས་ནས་བྱུང་བའི་ཁུ་བྱུག་གསུང་སྐད་དྲི་བཞོན་བུ་མོས་བརྐུས་ཏེ་བྲོས།།

བསགས་པའི་ནོམ་པ་རྐུ་ལ་ཤོར་ལྟར་སྡོང་ལོ་སེར་བོ་རླུང་བུས་ཁྱེར།།

ཁུར་གྱིས་དུད་པའི་དུས་ཚིགས་སླེབས་དུས་ལུས་སེམས་ཕྲ་མོ་འཁྱགས་སིབ་སིབ།།

ངལ་དུབ་ཁུར་བོ་དྲག་ཏུ་ལྕི་བའི་མི་ཚོགས་གཉིད་ཀྱི་ཞིང་དུ་འགྲིམས།།

རི་དང་སྤང་གི་མཛེས་པ་ཡལ་བས་ཁེར་རྐྱང་སེམས་པ་སྐྱོ་ལྷང་ལྷང་།།

དྭ་ཕྲུག་འཁྱམ་པོ་སྡུག་གིས་མནན་ལྟར་ནེའུ་གསིང་ལྷ་མོའི་མཚར་སྡུག་ཉམས།།

སྡོང་ལོ་སེར་པོ་རླུང་བུས་འཁུར་ཞིང་ཁ་ཆར་འདྲེས་མ་ལན་མང་བབས།།

ཡངས་པའི་ས་གཞི་གསེར་མདོག་གྱུར་ཅིང་རི་ལུང་ཡོད་ཚད་སེར་མདངས་མངོན།།

དྭངས་པའི་ཆུ་བོ་དྲི་མས་དབེན་ཞིང་ནད་འཇོམས་བདུད་རྩིའི་དཔལ་དུ་མངོན།།

འབྲུ་རིགས་སྙེ་མའི་མགོ་བོ་ལྡེམ་ཞིང་བུང་བ་གཞོན་ནུ་རྒྱང་དུ་བསྐྱལ།།

སྟོན་རླུང་འཇམ་པོ་ཡང་ཡང་ལྡང་བཞིན་ཟེའུ་འབྲུ་དབང་མེད་ཕྱོགས་བཞིར་ཁྱེར།།

དབྱར་གྱི་དྲོད་སྐྱིད་ཤབ་ཤུབ་བཟློ་ཞིང་ལང་ཚོའི་མེ་ཏོག་སད་ཀྱིས་བཅོམ།།

གྲང་ལྷགས་ཞགས་པས་ས་གཞི་བསྡམས་ཤིང་མི་ཕྱུགས་རྐང་ལག་གྲང་བས་འདར།།

མཚོ་མོའི་ཟེགས་མ་རེ་རེ་ནང་དུ་གསེར་གྱི་ཁྱེའུ་རེ་རེ་མངོན།།

མཁའ་མཐའི་འདབ་ཆགས་ལོ་ཟླས་དེད་ཅིང་བུང་བ་གཞོན་ནུའི་གླུ་སྐད་ཆད།།

བཅོ་ལྔའི་དུང་ཟླ་མཁའ་རུ་འཛུམ་པའི་བརྗིད་ཆགས་མངའ་བའི་འབྲས་ལྡན་དུས།།

མཛེས་ལྡན་མེ་ཏོག་བཀྲག་མདངས་དེ་ནི་གྲང་ལྷགས་འཁྲིལ་བས་བརྐུས་པ་ལ།།

གཡུར་ཟའི་འབྲས་བུས་སེར་པོ་གསེར་གྱི་མི་ཁྱུད་རལ་བ་ཐོད་ཀྱིས་བསྣམས།།

སྟོན་གྱི་ལྷ་མོའི་གྲང་ལྷགས་ངར་མའི་གར་སྟབས་བསུ་བཞིན་མཁའ་ལ་རེག།

དཔྱིད་ཀྱི་དཔལ་བུ་གྱེས་པའི་ཕྱིར་མིག་འབྲས་བུ་གཞོན་ནུའི་ལང་ཚོ་རྒུད།།

སྡོང་ལོ་སེར་བོས་གླིང་ཁམས་འགྲིམས་པ་སོ་ནམ་ལ་ལ་ངལ་བས་རྡུང་།།

བྱང་གི་སྟོན་ལྷགས་སིལ་སིལ་ལྡང་ཞིང་འབྲས་ལྡན་སྙེ་མའི་ཚོགས་རྣམས་ཀྱིས།།

མགོ་ལྕོག་ལྡེམ་ཞིང་ན་ཚོད་སྨིན་པའི་འབྲས་བུ་བསིལ་གཡབ་དལ་གྱིས་གཡོ།།

ཤེལ་དཀར་ཕྲེང་བ་བརྒྱུས་པའི་སྲད་བུ་ཁུ་བྱུག་སྔོན་མོས་གྱེས་ཕྱག་ཕུལ།།

ནེམ་ཞིང་འཕར་བའི་ནེའུ་གསེང་གཞི་ལ་གསེར་གྱིས་བྱུག་བཞིན་སེར་པོར་མངོན།།

ལྗོན་ཤིང་ལོ་མ་ཁ་དོག་འགྱུར་བའི་རྣམ་པ་སེར་པོ་གསེར་གྱི་མུ་ཁྱུད་མཛེས་དཔལ་གང་།།

དུས་བཞིར་དགུན་གྱི་རྩེ་དགའ་ཅན་ཞིག་བསྐལ་པར་འཁྱིལ་བའི་མལ་སྟན་བསུ།།


  • ལེ་ཚན་སྔོན་མ།:ཕ་ཡུལ་དྲན་པའི་སྐོར།
  • ལེ་ཚན་རྗེས་མ།:སྒེའུ་ཁུང་གས་སྲུབས་བརྒྱུད་ནས་ཡིབ་འགྲོ།