སྔོ་ཚལ་འདེབས་འཛུགས་ཀྱི་ལག་ཤེས་སྦྱངས་ ནས་འཚོ་བའི་སྤུས་ཀ་ཇེ་ཡག་གཏོང་།

ཡེ་མགོན་པོས་བསྒྱུར།        2020-06-02

    ང་ཚོ་ཚང་མས་ཚེ་གཅིག་ལ་ཕྱུགས་རྫི་བྱས་ནས་འཚོ་བ་རོལ་བཞིན་ཡོད། མི་ཚེ་ཕྱེད་ཀ་རེད་ཐལ། དེང་སང་རང་ཉིད་ཀྱིས་སྔོ་ཚལ་འདེབས་འཛུགས་ཤེས་བྱེད་པ་ནི་དྲན་ཡང་མ་མྱོང་། ཕྱིན་ཆད་རང་ཉིད་ཀྱིས་འདེབས་པའི་སྔོ་ཚལ་སོ་མ་ཟོས་ཆོག་ལེ་རེད་ཅེས་ཉེ་ཆར་སྨྱུག་འཛིན་པས་ཟླ་ཐང་མ་ཡུག་སྦྲེལ་གྱི་ཚྭ་ལུང་གྲོང་རྡལ་དུ་བཅར་འདྲི་བྱེད་སྐབས་ལོ་ན45ལ་སོན་པའི་འབྲོག་དམངས་ཆོས་ལྡན་གྱིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

    འབྲོག་དམངས་ཚོར་སྔོ་ཚལ་འདེབས་སྟངས་ཀྱི་ལག་ཤེས་ཁོང་དུ་དེ་བས་ཡག་པོ་ཆུད་པའི་ཆེད་དུ། དཀར་མཛེས་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱིས་ཚྭ་ལུང་དང་འཁྱག་ལུང་ཡུལ་ཤོག་སོགས་ཡུལ་དང་གྲོང་རྡལ་གྱི་རྨང་གཞི་ངེས་ཅན་ཡོད་པ་དང་ཧུར་བརྩོན་རང་བཞིན་ཅུང་མཐོ་བའི་འབྲོག་དམངས160སྒྲིག་འཛུགས་བྱས་ནས་ས་ཁད་མཐོ་སར་སྔོ་ཚལ་རྨོས་འདེབས་བྱེད་སྟངས་ཀྱི་ལག་ཤེས་གསོ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་བ་རེད། ཞིང་ལས་ཆེད་རམས་པ་གཉིས་གདན་འདྲེན་ཞུས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་པའི་བྱེད་ཐབས་སྤྱད་ནས་གཙོ་བོ་མཐོ་སྒང་དུ་སྔོ་ཚལ་འདེབས་འཛུགས་བྱེད་སྟངས་ཀྱི་ལག་ཤེས་དང་། དྲོད་བསྡུ་སྤྱིལ་ཁང་ནང་སྔོ་ཚལ་འདེབས་འཛུགས་དང་དོ་དམ་བྱེད་སྟངས་སོགས་སྤྱོད་གོ་ཆོད་པའི་ལག་ཤེས་ཡུལ་དངོས་སུ་སློབ་ཁྲིད་བྱས་པས་མ་ཚད། འབྲོག་དམངས་ཚོར་ཅི་འདྲ་བྱས་ནས་ཕུར་འདེབས་དང་རོལ་འདེབས་བྱེད་སྟངས། དེ་བཞིན་དུ་སྔོ་ཚལ་ཞིང་ལ་འགྱིག་ཤོག་འགེབས་སྟངས་སོགས་འགག་རྩའི་བྱེད་ཐབས་རབ་དང་རིམ་པ་ལག་ཁྲིད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་རྫོང་ཚྭ་ལུང་སོགས་ཡུལ་ཤོག་བཞི་དང་གྲོང་རྡལ་གཅིག་བཅས་ནི་རྫོང་བཞིའི་ས་མཚམས་ཀྱི་ཉག་ཆུའི་སྟོད་རྒྱུད་དུ་ཆགས་ཤིང་། མཚོ་འཕགས་ཆ་སྙོམས་སྨི4000ཡན་ཆད་དང་རི་མཐོ་ཞིང་ལུང་ཁུག་ཕུ་ཐག་རིང་བ། ཆེས་ཐག་རིང་ས་ལ་རྫོང་མཁར་དང་སྤྱི་ལེ200ལྷག་རྒྱང་བ་དང་ཆབས་ཅིག མི་ཉུང་ཞིང་ས་རྒྱ་ཆེ་བ། གྲང་ངར་ཆེ་ཞིང་དབྱང་རླངས་མི་འདང་བར་བརྟེན། དཀར་མཛེས་ཁུལ་གྱི་ཧ་ཅང་དབུལ་པོའི་ཡུལ་ཤོག་དང་གྲོང་རྡལ་གྱི་ཁོངས་སུ་གཏོགས་པ་རེད། དབུལ་སྐྱོར་གནད་སྨིན་གྱི་སྲིད་ཇུས་ལག་ལེན་བྱས་ནས་རྩ་བའི་ཐོག་ནས་ས་གནས་དེ་གའི་རྒྱ་ཆེ་བའི་འབྲོག་པ་ཚོའི་སྡོད་ས་སྐྱིད་པོ་མེད་པའི་གནད་དོན་ཐག་གཅོད་བྱས་པར་བརྟེན། འབྲོག་པ་ཚོའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་བ་རེད། སྔོན་ཆད། ཚྭ་ལུང་གྲོང་རྡལ་སོགས་མཐའ་འཁོབ་འབྲོག་ཁུལ་གྱི་མང་ཚོགས་ཚོས་མཁོ་བའི་སྔོ་ཚལ་མཐའ་དག་ཕྱི་ཕྱོགས་ནས་འདྲེན་ཡོང་དགོས་པས་ལམ་ཐག་རིང་ཞིང་མ་རྩ་མཐོ་བར་མ་ཟད། ས་གནས་དེ་གའི་འབྲོག་པ་ཚོས་སྔོ་ཚལ་སོ་མ་བཟའ་རྒྱུ་གཏན་ནས་རག་ཐབས་མེད་པ་རེད། རྣམ་པ་འདི་རིགས་དང་འབྲོག་པ་ཚོའི་བསམ་བློའི་འདུ་ཤེས་རྦད་དེ་ལེགས་སྒྱུར་བྱས་ནས་དབུལ་ཐར་འབྱོར་འབྲིང་དུ་སྐྱོད་པའི་ཆོད་སེམས་ཇེ་དྲག་ཏུ་གཏང་ཆེད། དཀར་མཛེས་རྫོང་གིས་རྫོང་དེའི་ཧ་ཅང་དབུལ་པོའི་ཡུལ་ཤོག་བཞི་དང་གྲོང་རྡལ་གཅིག་གི་ནང་སྔོ་ཚལ་རྨོས་འདེབས་བྱེད་སའི་སྔོ་ཚལ་སྤྱིལ་ཁང་ཆུང་ངུ210ཁྱབ་གདལ་བཏང་ནས་གཙོ་བོ་སྔོ་ཚལ་དང་ལ་ཕུག སྒོག་ཆེན་སོགས་འདེབས་འཛུགས་བྱས་མཐར། སྤྱི་ཁང་ཆུང་ངུ་རེའི་ནང་སྔོ་ཚལ་རྒྱ་མ2000ལྷག་ཐོན་ནས་འབྲོག་པའི་མང་ཚོགས་ཀྱི་སྔོ་ཚལ་སོ་མ་བཟའ་རྒྱུ་རག་དཀའ་བའི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:སྔོ་ཚལ་འདེབས་འཛུགས་ཀྱི་ལག་ཤེས་སྦྱངས་ ནས་འཚོ་བའི་སྤུས་ཀ་ཇེ་ཡག་གཏོང་།
  • ལེ་ཚན་རྗེས་མ།:ཞིང་ལས་ཐོན་རྫས་ཀྱི་དགེ་མཚན་དཔལ་འབྱོར་རིན་ཐང་ལ་སྒྱུར་རོགས་བྱེད།
  • དོ་སྣང་ཆེ་བའི་རྩོམ།