སྐད་དང་ཡི་གེ་ནི་སྲོག་རྩ་ཡིན།

ཞོ་ར་བསམ་འགྲུབ་རྒྱལ།        2020-06-01

མི་རིགས་གང་ཞིག་ཡིན་རུང་། སྐད་དང་ཡི་གེ་ནི། མི་རིགས་དེ་ཉིད་ཀྱི་རྒྱུ་བ་ཡུན་གནས་ཡོང་བའི་སྲོག་རྩ་ལྟ་བུ་ཡིན་པས་ན། སྐད་དང་ཡི་གེ་རྒྱུད་འཛིན་དང་དར་སྤེལ། བེད་སྤྱོད་གནང་རྒྱུ་ནི་ངེད་ཅག་གི་ཕྲག་པར་རང་བཞིན་གྱིས་ལྷུང་བའི་འགན་འཁྲི་ཞིག་ཡིན་པ་བསྙོན་དུ་མེད་པའོ། བློ་ཕམ་པ་ཞིག་ལ། དེང་དུས་ཀྱི་ཆར་བོད་མི་བྱིངས་རང་ཉིད་ཀྱི་སྐད་དང་ཡི་གེར་སྙིང་ནས་དགའ་ཞེན་མེད་ཁར། ཉིན་མཚན་དུ་ཁ་ཤོམ་རྐྱང་བ་འཐེན་རྒྱུར་ཞེ་དྲག་དགའ་བོ་འདུག དཔེར་ན། བོད་ཀྱི་སྐད་ཡིག་དགེ་རྒན་གྱི་ཆོ་ལོ་འཛིན་མཁན་གྱི་གྲས་སུའང་། རྒྱུན་པར་བོད་ཡིག་མི་བཀོལ་བར་རྒྱ་སྐད་ཁོ་ནས་ཕན་ཚུན་འབྲེལ་བ་འཛིན་རྒྱུར་ཐུགས་མཉེས་པོ་བྱེད་ལ། མ་ཟད་དེང་དུས་ཀྱི་དར་སོ་ཆེ་བའི་སྐད་འཕྲིན་རྒྱབ་ལྗོངས་ལ་འཁྱུག་ཙམ་བལྟས་པའི་མོད་ལ་རང་སེམས་བློང་བློང་བོར་བཟོ་བར་བྱེད།འདིས་མཚོན་པའི་ཡི་ག་གཏིང་ནས་འཆི་བར་བྱེད་པའི་སྣང་ཚུལ་སྐྱོ་པོ་འདི་དག་གིས། ངེད་ཅག་ཉེན་ཁའི་ཕྱོགས་ཤིག་ལ་འཚང་ཁ་རྒྱག་པའི་གཞེན་སྐུལ་གྱི་ཅོང་བརྡ་ཅིས་ཀྱང་དཀྲོལ་བས་ན། བརྡ་འཕྲིན་དུས་རབས་ཀྱི་སྒང་ལ། ངེད་ཅག་ཕ་སྐད་ཀྱི་རྒྱལ་མཚན་རྩེ་རུ་མཆོད་པའི་མི་བུ་སུ་ཞིག་ཡིན་རུང་། རང་ཉིད་ནས་མགོ་བརྩམས་ཏེ་དབྱངས་གསལ་སོ་བཞིའི་ས་བོན་གྱིས་ཉེ་བར་བསྐྲུན་པའི་ཕ་སྐད་ཀྱི་སྒྲོམ་གཞི་རྩ་ཆེན་འདི་ཉིད། བསྐལ་བ་ཇི་སྲིད་བར་ཡུན་བརྟན་ཡོང་བར་འབད་པ་ཤ་ཐང་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་མངོན།

མདོར་ན།ཟ་མ་ནི་མི་ཞིག་གི་འཚོ་གནས་ཀྱི་རྒྱུན་ཡུན་དུ་བསྲིངས་པའི་རྩ་བའི་ཆ་རྐྱེན་ཨང་དང་པོ་ཡིན་པ་བཞིན། མི་རིགས་ཤིག་གི་སྲོག་རྩ་ཡང་མཐར་གཏུགས་ན་སྐད་དང་ཡི་གེ་ཁོ་ནར་ཐུག་ཡོད་ལ། འདི་ཉིད་འཆི་གསོན་གྱི་ལམ་གང་དུ་བསྐུལ་བར་ངེད་ཅག་གི་རྣམ་འགྱུར་ཁོ་ནས་ཐག་གཅོད་ཀྱིན་ཡོད་པས། གལ་སྲིད་རང་ཉིད་བོད་པ་རྣལ་མ་ཞིག་བྱེད་སྙམ་ན། རྒྱུན་པར་ཁ་ནས་རྫིག་གཏམ་དང་ཆབ་ཆོབ་ཀྱི་གཏམ་སྣ་ཚོགས་ཁོ་ནར་མགོ་བོ་མི་གཡེང་བར། ཁ་མིན་ཞེ་ཡིས་མི་རིགས་ཀྱི་སྐད་དང་ཡི་གེ་སྔར་ལས་ཕུན་ཚོགས་གྲ་རྒྱས་སུ་ཡོང་བར་རང་འཁྲིའི་འོས་འགན་ཁུར་ན།ད་གཟོད་ངེས་དོན་གྱི་རིགས་ཀྱི་འདུ་ཤེས་བརྟན་པའི་ཨ་མའི་བུ་དང་བུ་མོ་ཞིག་ཏུ་བརྩི་མི་ཆོག་པ་ག་རེ་ཡོད་ཨང་། དེ་མིན། རང་རང་ས་རུ་ཁ་ཤའི་པགས་པ་གར་འཐེན་གྱི་དཔེ་ཁོ་ན་བྱས་ཏེ་བསྡད་ཚེ། ངེད་ཅག་ཡར་རྒྱས་འབྱུང་ཁག་པོ་ཡིན་ཞིང་། ཡང་གཅིག་བཤད་ན། རླབས་ཆེ་བའི་སྐད་དང་ཡི་གེ་འདི་ཉིད་སྒོ་ཀུན་ནས་འཕེལ་བའི་གེགས་ཁོ་ནར་འགྱུར་བར་ཅིས་ཀྱང་གཟབ་དགོས་པར་སྣང་ངོ་།།

མི་ཡི་སྲོག་ནི་ཟས་དང་སྐོམ་ལ་བརྟེན།།རིགས་ཀྱི་སྲོག་ནི་སྐད་དང་གཤིས་ལ་བརྟེན།། སྐད་དང་གཤིས་ཀ་ཉམས་པའི་མི་རིགས་ལ།། རིང་དུ་གནས་པའི་རེ་བ་ཡོད་མ་ཡིན།། ཅེས་པ་ལྟར། བརྒྱ་ལ་སྐད་དང་ཡི་གེ་ཉམས་སོང་ན། ངེད་ཅག་བོད་པ་ཡིན་ཞེས་མགོ་བོ་ཀྲོག་ཀྲོག་ཇི་ལྟར་བྱས་ཀྱང་། གཞན་གྱིས་ཁས་ལེན་མི་འཐོབ་པར་མ་ཟད། ད་དུང་རང་ཉིད་ཕུང་བོ་གསུམ་པ་བ་ཞིག་ཏུ་ཆགས་པའི་ཉེན་ཚབས་ཀྱང་འབྱུང་ངེས་པར་སྐྱེ་བོ་ཀུན་གྱིས་ཐུགས་བསམ་ཡག་པོ་གཏང་དགོས་པར་སྙམ་བྱུང་།



  • ལེ་ཚན་སྔོན་མ།:སྣང་བ་དགྱེས་པའི་གར་ཆུང་།
  • ལེ་ཚན་རྗེས་མ།:ཕ་ཡུལ་དྲན་པའི་སྐོར།