སྙན་ངག་གི་མེ་ཏོག་ཆུན་པོ།

ཁུག་རྟ།        2017-07-10

ཞིམ་པོ་ཁ་གང་གི་ཆེད་དུ་ཁྱོད་ལ་འབྱར་བ་མིན།

བདེ་བ་རྟ་རྔ་ཙམ་གྱི་ཆེད་དུ་ཁྱོད་ལ་འཁྱུད་པ་མིན།

ཆར་ཞོད་མེད་པའི་ལོ་ཟླ་དེ་དག    ཡང་ན།

ལྗང་ལོའི་སྙིང་རྩ་འཁུམ་པའི་ནམ་དུས་དེ་དག

གནམ་ཆུ་ཁོ་ན་སྒུག་པའི་བདག་གི་སྤུན་ཟླ།

རྨི་ལམ་དཀར་ནག་གྱི་ཁྲོད་དུ་ཀླད་ཞོ་ཁྱོམས།

ང་རང་རྡོ་ལེབ་གས་ཆག་རྐང་བརྟེན་དུ་བྱས་ཏེ།

ཁྱོད་དང་འགྲོགས་ནས་རྒྱང་རིང་ཞིག་མཐོང་ན་བསམས།

ཚིག་གིས་མིད་པ་འགག་པའི་སྒྱུ་རྩལ།

ནོར་གྱིས་སེམས་པ་བརྐུས་པའི་དུས་རབས།

ང་རང་། ཁྱོད་ཀྱི་བྲན་གཡོག་ཏུ་བཀོལ་བའི་ཐབས་རྡུགས་དེ་ཡིན།

ཁྱེད་རང་།   བདག་གི་སེམས་ངོགས་སུ་དགོད་པའི་མེ་ཏོག་དེ་ཡིན།

གཞན་ལ་མཚོན་ན་ང་གཉིས་སྒོ་རྒྱབ་ཏུ་སྤུངས་པའི་གད་སྙིགས་དེ་རེད།

ཁྱོད་ལ་དགའ་སྐྱོ་གླེང་མཁན་གྱི་སྨྱུ་གུ

རྟ་དམག་བཞིན་བང་ཁ་འགྲན་རྒྱུར་དགའ།

འགྲན་བཞིན་འགྲན་བཞིན་ཚོར་བ་དག་བརྫིས་སོང་།

སྐབས་རེ། ཁྱོད་ནི་མེ་ཏོག་གི་གསེབ་ནས་དོན་པའི་སྡིག་ར་དང་འདྲ།

སྐབས་རེ། ཁྱོད་ནི་གད་སྙིགས་ཀྱི་ཁྲོད་ནས་རྙེད་པའི་གསེར་གདུབ་དང་འདྲ།

དགེ་ཆོས་སྨྱོ་དགོས་པ་ཁྱོད་ཀྱི་མ་རུངས་ཡོད་ཤས་ཆེ།

རང་གྲོལ་ལྕེབས་དགོས་པ་ཁྱོད་ཀྱི་ནག་ཉེས་ཡོད་ཤས་ཆེ།

སུང་ཀུང་མིང་ཡང་ས་མཐར་འགྲིམ་དགོས་པ་ཁྱོད་ཀྱིས་བསྐུལ་བ་མིན་ནམ།

ད་དུང་སུ་ཞིག་ལ་བརྡ་ཐོ་ནག་པོ་འབྲི་གིན་ཡོད།

མེ་ཏོག་ཆུན་པོ།  བདག་གི་སྙན་ངག

བདག་གི་སྤུན་ཟླའི་ཆེད་དུ་བྲབས་པའི་ལྕག་ཚན།

ཚ་དྲགས་པ་དང་ན་དྲགས་པ་ཇི་ལྟར་ཡིན་རུང་།

བདག་ནི་ཁྱོད་ལ་རེ་དགོས་པ་ལས་དབང་ཁོ་ན་ཡིན་འདུག


  • ལེ་ཚན་སྔོན་མ།:སྙན་ངག་གི་མེ་ཏོག་ཆུན་པོ།
  • ལེ་ཚན་རྗེས་མ།:སྐྱེལ་མ།