སེམས་གཤིས་ཀྱི་རྒྱང་འབོད།

ལྡོང་སྨིན་དྲུག        2017-07-10

སྔོན་འགྲོའི་འགྱུར་ཁུགས།

འགྲུལ་བཞུད་གོམ་ཁ་རིང་མོ་ལྷོ་རུ་གཏད༎

ཕྱིར་དྲན་རྒྱལ་མོ་ཕ་ཡུལ་རི་ལུང་བསྲིངས༎

སེམས་དང་བསམ་བློའི་ཀློང་དུ་འཕྱུར་བཞིན་པ༎

བདེན་པའི་སྙན་ངག་འཚོ་བའི་མེ་ལོང་ལགས༎


གནས་འགྲོ་བུ་མོ།

ལང་ཚོའི་མེ་ཏོག་གངས་རིའི་འདབས་ནས་འཛུམ༎

དབྱངས་གསལ་ཕོ་བྲང་འགྲིམས་པའི་བསྐལ་མ་བྱུང་༎

བཅུ་དྲུག་ལང་ཚོའི་གང་བུ་གྲོལ་བའི་དུས༎

མིག་ཆུས་ལང་ཚོ་བརྫི་གྱིན་གཞན་ཁྱིམ་གྱར༎


ཨ་མའི་བརྩེ་འདང་།

སྐྲ་དཀར་བུ་མོས་མགོ་བོའི་ས་ཆེན་གཡོགས༎

ལོ་ཟླའི་འགྲོས་ཀྱིས་དུང་སོའི་ཕྲེང་ཐག་ཆད༎

གཉེར་མའི་ལམ་ཕྲན་གཤགས་པའི་གདེང་ཀ་ནས༎

བུ་ལ་བཅངས་པའི་འདང་བརྩེ་ལྷོད་མ་མྱོང་༎


སེམས་ཀྱི་ཁ་ཕྱོགས།

རྒྱལ་ཁའི་རླུང་རྟ་དབྱིངས་སུ་སྤུར་བའི་ཚེ༎

མི་འདོད་ཆར་བས་བརླན་ཏེ་ས་གཞི་གཏོར༎

ཕམ་ཁའི་སྐྱོ་དབྱངས་སྨྲེ་ངག་གྱེར་བའི་ཚེ༎

རི་ལུང་ཐང་གསུམ་དགའ་བའི་མེ་ཏོག་བཞད༎


བདག་གི་སྐྲ་ལོ།

གནག་སྣུམ་སྐྲ་ལོས་རྒྱབ་གཞུང་ལེབ་མོ་ཁེབས༎

སྙན་ངག་རླབས་ཕྲེང་བྲང་གཞུང་ངོས་སུ་རྩེན༎

སྲེད་པའི་འཁོར་བའི་གྲོང་གི་མི་ཁ་ཡིས༎

སྙན་ངག་རྩོམ་པའི་བློས་བསླངས་མང་དུ་སྦྱིན༎


དྲན་པའི་ངང་ཚུལ།

མཚན་མོའི་ཀློང་ན་ཟླ་བ་ཁེར་བགྲོད་ཅིག

ཆུ་མོའི་འགྲམ་ན་ཁེར་རྐྱང་གྲིབ་གཟུགས་ཤིག།

ནམ་རྒྱུན་མཆི་མས་བསླུས་པའི་སེམས་པ་ཞིག།

རི་བོའི་ཕ་རོལ་ཕྱོགས་སུ་རྟག་ཏུ་འཁྲེང་༎


སྟོན་མཇུག་གི་སྙན་ངག

བསིལ་རླུང་འཇམ་པོ་ལྷོད་ཀྱིས་ལྡང་བ་ཡིས༎

རྒྱ་ལྕང་ལོ་མ་སྒེའུ་ཁུང་འགྲམ་དུ་འཐོར༎

ས་མཐའི་གྲོང་ན་འདུར་བའི་ཡུལ་གྱར་བའི༎

སྟོན་མཇུག་སྙན་ངག་ལོ་མའི་གསེབ་ནས་ལྷུང་༎


ཆང་ཁང་དམར་པོ།

གློག་གཞུའི་དམར་མདངས་སྐྱོམ་པའི་གུར་ནང་ན།

ཆང་དང་བུད་མེད་སྒྲོག་ཙེ་མདུན་དུ་སྤུངས༎

དངུལ་ལོར་ཤག་སྒྲའི་བར་ནས་རིན་གོང་གཏམས༎

མཆུ་སྦྱོར་གཅིག་གིས་ཕན་ཚུན་དམ་དུ་འཁྱུད༎


ས་སྲོད་ཀྱི་གྲོང་རྡལ།

ནུབ་རིའི་ཕག་ནས་ཉི་མས་ཕྱི་མིག་ལྟ༎

འདབ་ཆགས་གཤོག་པ་རང་ཁྱིམ་གནས་སུ་བརྐྱངས༎

མི་ཚོགས་འཁོར་ལོ་བསྐོར་བའི་བར་གསེང་ནས༎

ས་སྲོད་སྐྱེ་བོའི་རང་གཤིས་ངང་གིས་རྟོགས༎


བྱང་ཐང་གི་སེམས་པ།

རྒྱལ་མོ་རྔུལ་ཆུ་ལྷོ་ནས་ནུབ་ཏུ་བཞུར།།

དགུ་ཚིགས་སྐྱ་མོས་བསམ་གཞིག་རྒྱང་དུ་བསྲིངས༎

རེ་སྒུག་སྐྱོ་བས་མནར་བའི་སེམས་པ་ཞིག།

ཕ་ཡུལ་སྡེ་འདབས་ཕྱོགས་སུ་ཡུན་གྱིས་ཤོར༎


དྲན་གདུང་གི་སྙན་ངག

ས་མཐའི་གྲོང་ནས་ཁེར་རྐྱང་འཚོ་བ་རོལ༎

ཁང་མིག་གྲུ་བཞི་ཆང་དམ་སྟོང་བས་གང་༎

སྒྲོག་ཙེ་མཐའ་ནས་སྙན་ངག་བློས་བསླངས་ཚེ༎

སློབ་གླིང་རྩོམ་གྲོགས་མཐའ་དག་ཡིད་ལ་འཁོར༎


ཉིན་མཚན་གྱི་འདྲེ།

གདོང་ལ་བལྟས་ནས་བསྟོད་པའི་རྣམ་ཐར་རྩོམ༎

ལྐོག་ཏུ་སྐྱོན་མཚང་མདའ་མོས་གང་སར་བསྣུན༎

ཉིན་དང་མཚན་མོ་རྒྱུ་བའི་འདྲེ་མོ་འདིས༎

བསམ་བློ་ཅན་གྱི་སྐྱེས་ཆེན་མང་པོ་བཀྲོངས༎


རི་བོ་ཧི་མ་ལ་ཡ།

འུག་པས་གཡོ་སྒྱུ་དྲན་པའི་ལོ་ཞིག་ལ༎

སྤྱང་ཀིས་རི་བོང་འཛིན་པའི་དུས་ཤིག་ལ༎

གངས་ཀྱི་རི་ལ་གནས་པའི་མ་བུ་གཉིས༎

སྤྱན་ཆབ་ཟགས་བཞིན་གོམ་ཁ་ལྷོ་རུ་བསྒྱུར༎


ཁོར་ཡུག་གི་སུན་སྣང་།

མལ་ཁྲི་སྟེང་ནས་གཅིག་པུར་གཉིད་མ་ཁུགས༎

སྒེའུ་ཁུང་འགྲམ་ནས་མཁའ་ཡི་ཟླ་བ་མཐོང་༎

ཁེར་རྐྱང་ཀློང་ན་རྒྱུ་བའི་གྲིབ་གཟུགས་འདིས༎

ཁོ་བོའི་སེམས་ལ་དུ་ཁའི་དངན་པ་བསླངས༎


སྐོར་བྲོའི་ཉམས་འགྱུར།

རྡོ་རྗེ་འཁོར་ལོའི་འགྱུར་ཁུགས་རྣ་བར་སྙན༎

གཅིག་སེམས་སྦྲེལ་བའི་ལག་གདང་དམ་དུ་འཁྱུད༎

རྐང་ལག་སྟོང་གི་གར་གྱི་ཉམས་འགྱུར་དབུས༎

མེ་ཏོག་མང་པོའི་ཟུར་མིག་གང་སར་གཡོ༎


རྭ་སྐྱེས་རྒྱལ་བོ།

དཀར་སེམས་ཆེ་བའི་ཁྱིམ་གྱི་བཟའ་ཟླ་གཉིས༎

འཇིག་རྟེན་འཚོ་བའི་རི་མོ་ལོངས་སུ་སྤྱད༎

བར་གྱི་འགལ་རྐྱེན་ཞིག་གི་ཕན་ཚུན་དབར༎

མདའ་མོ་གཅིག་གིས་ཁྱིམ་གཞིའི་བྱ་ཚང་གཏོར༎


གྱེས་ཁའི་འཛུམ་ཆུང་།

ཆུང་དུས་རྩེད་ར་གཅིག་ནས་རྒུན་འབྲུམ་འཐུས༎

ལོ་ཟླའི་ཕྲེང་ཐག་བར་ནས་སེམས་པ་བརྟན༎

མི་འདོད་སྐྱོ་གདུང་བར་དུ་བྲལ་མགོ་བརྩམས༎

གྱེས་ཁའི་འཛུམ་ཆུང་སེམས་ཀྱི་དྲན་ཤིང་ཉིད༎


སྐྱེད་ཚལ་གྱི་དྲི་བ།

སེམས་པ་སྐྱོ་བས་གོམ་ཁ་ཚལ་ལ་བསྒྱུར༎

གྲིབ་གཟུགས་མག་མོག་སྤང་གི་ངོས་སུ་འདར༎

སྐྱེད་མོས་ཚལ་འདི་དབེན་འཇགས་ཡིན་ནའང་༎

ཁོ་བོའི་སེམས་པ་དྲག་ཏུ་ལྡིང་བཞིན་ཅི༎


སྦྲ་ནག་དང་ལུག་ཁྱུ།

དུས་བཞིའི་ལོ་ཟླ་བརྩེགས་པའི་ཧྲག་བར་ནས༎

རྩྭ་ཐང་ཕང་བར་སྦྲ་ནག་གཏམ་རྒྱུད་འཁྲུངས༎

ལུག་གི་ངང་མོ་སྤང་ལ་འདུར་བའི་ཚེ༎

སྦྲ་ནག་རོག་པོ་ལུག་ཁྱུའི་རྫི་བོ་སྤྲས༎


ལྷ་སྡེའི་སྲས་མོ།

ས་བོན་དགུ་ཆུའི་འགྲམ་ནས་བཏབ་པ་ནས༎

ཁྱོད་ལ་དུངས་བའི་སེམས་པ་ལྷག་ཏུ་བརྟན༎

རེ་སྨོན་བརྩེ་བའི་མདུད་པ་མ་ཆད་ན༎

ལས་ཀྱིས་རླུང་རྟ་ནམ་ཡང་མཁའ་རུ་སྤུར༎


འཆམ་འཆམ་ཐེངས་ཤིག

དཀར་གསལ་ཟླ་འོད་འཛིན་མའི་ངོས་སུ་འཕྲོ།།

གྲིབ་གཟུགས་རིང་ཐུང་ལོ་མའི་གསེབ་ན་གཡོ༎

སྙིང་གཏམ་དྲོན་མོས་སེམས་ལ་དྲོད་འཁོལ་བསྐྱིལ༎

མཆི་མའི་ཐིགས་པས་ས་ཆེན་ཁྱོན་ཡོངས་བརླན༎


ཞིང་གྲོང་གི་ནུབ་ཁ།

ར་ལུག་གནག་ཕྱུགས་ལྷས་རའི་ནང་དུ་བསྐོར༎

དགོ་དགོ་དབྱངས་རྟ་སྙན་མོས་ལྷིང་འཇགས་རྒུམ༎

སྒེའུ་ཁུང་སྲུབས་ཀའི་བར་ནས་འཐུལ་བའི་དྲི༎

རྒྱང་རིང་མགྲོན་པོའི་སྣ་དབང་བུ་གར་ལྷུང་༎


ཁེར་རྐྱང་གི་འཇིག་རྟེན།

བྱ་རྒྱལ་རྒོད་པོ་ནམ་མཁའི་དབྱིངས་སུ་རྒྱུ༎

བྱེའུ་ཆུང་འཇོལ་མོ་རྒྱ་རྫོང་ནགས་ན་རྩེན༎

ང་ལ་མཁོ་བའི་བསྟི་གནས་གང་དུ་འཚོལ༎

ཁེར་རྐྱང་འཇིག་རྟེན་སྔོན་མོ་གྲང་ཤུར་ཤུར༎


མཇུག་མཐའི་ཞལ་ཆེམས།

ཉེ་འཁོར་མི་ཡི་གསང་བ་རྟོགས་པར་དཀའ༎

རིགས་རྒྱུད་ནང་དུ་ཕྲག་དོག་རླུང་ལྟར་རྒོད༎

ཕན་ཚུན་གཡོ་སྒྱུས་བསླུས་པའི་ལྡིང་ཁང་ནས༎

ཡུལ་མི་སྤུན་ཟླར་ཁྲག་གི་སྙན་ངག་འབྲི༎


  • ལེ་ཚན་སྔོན་མ།:ཕྱིར་དྲན་ཁྲོད་ཀྱི་ངའི་ཕ་ཡུལ།
  • ལེ་ཚན་རྗེས་མ།:སྙན་ངག་གི་མེ་ཏོག་ཆུན་པོ།