ལོ་གཅིག་གི་ལོ་ལེགས་དུས་ཚིགས་ལ་སླེབས་པས་ཕྱག་ཕྲེང་རྫོང་གི་ཞིང་པ་ཚོས་བརྔ་བསྡུ་བྱེད་པར་བྲེལ།

ཀུན་དགས་བསྒྱུར།        2017-07-10

      སྤྱི་ཟླ6པ་ནི་ཕྱག་ཕྲེང་རྫོང་གི་ཞིང་པའི་མང་ཚོགས་ཀྱིས་གྲོ་ནས་བརྔ་བསྡུ་བྱེད་པའི་དུས་ཚིགས་ཡིན་ཞིང་། སེར་ཐིང་ཐིང་གི་གྲོ་ཞིང་དང་ནས་ཞིང་ནང་དུ་ཞིང་པ་ཚོ་བརྔ་བསྡུ་ལ་བྲེལ་བཞིན་ཡོད་པས་དགའ་འོས་པ་དང་སྤྲོ་འོས་པའི་ལོ་ལེགས་ཀྱི་རྣམ་པ་ཞིག་ག་ས་གར་མཐོང་རྒྱུ་ཡོད་པ་རེད།

      ཕྲེང་སྟོད་གྲོང་རྡལ་གྱི་ཞིང་ཁ་དང་ཞིང་ནང་ཀུན་ཏུ་ཞིང་པ་ཚོ་བརྔ་བསྡུ་ལ་བྲེལ་བཞིན་འདུག   ལྕང་ར་གྲོང་ཚོའི་གྲོང་མི་བློ་བཟང་གཡང་མཚོས་སྤྲོ་དགས་ཁེངས་པའི་ངང་ནས་ད་ལོར་ཆར་ཆུ་དུས་ཐོག་ཏུ་འབབས་པས། ན་ལོ་དང་བསྡུར་ན་ལོ་ཏོག་སྐྱེས་སྟངས་ལེགས་པས་ཐོན་ཚད་ཡག་རྒྱུ་རེད།  ཉིན་འདི་དག་ལ་གནམ་གཤིས་བདེ་མོ་ཡིན་པའི་དུས་སྐབས་དང་བསྟུན་ནས་ངེད་གྲོང་མི་ཚོས་གོ་སྐབས་དམ་འཛིན་བྱས་ནས་ལོ་ཏོག་བརྔ་བསྡུ་ལ་བྲེལ་བཞིན་ཡོད་ཅེས་བཤད་པ་རེད། སྨྱུག་འཛིན་པས་ཞིང་ནང་དུ་ལོ་ཏོག་བརྔ་བསྡུ་ཚར་བའི་དུད་ཚང་གིས་ངལ་རྩོལ་མི་ལག་མེད་པའི་དུད་ཚང་ལ་བརྔ་བསྡུ་བྱེད་རོགས་བྱེད་པའི་རྣམ་པ་མཐོང་དུས་ཁོ་ཚོའི་མཐུན་སྒྲིལ་རོགས་རམ་གྱི་སྲོལ་བཟང་དེར་ཧ་མི་ལས་རང་ལས་བྱུང་།  ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ཕྱག་ཕྲེང་རྫོང་གི་གྲོ་ནས་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་ཁྲི3ལ་སླེབས་པ་དང་ཡོངས་ཁྱབ་ཏུ་སྐྱེ་ཚུལ་ཡང་བཟང་བ་རེད།

      ཐག་མི་རིང་བའི་སར་ཐུག་ཐུག་ཐུག་ཅེས་པའི་སྒྲ་ཞིག་སྨྱུག་འཛིན་པའི་རྣ་ལམ་དུ་ཐོས་བྱུང་།ཞིབ་མོར་བརྟག་རྗེས་འདི་ནི་ཞིང་པ་དུད་ཚང་ལ་ལས་བརྔ་བསྡུ་འཕྲུལ་ཆས་ཆུང་གྲས་སྤྱད་ནས་ལོ་ཏོག་བརྔ་བསྡུ་བྱེད་བཞིན་པ་རེད། ད་དུང་བརྔ་བསྡུ་ཚར་བའི་དུད་ཚང་འགའ་ཞིག་གིས་རྨོ་འདེབས་འཕྲུལ་འཁོར་སྤྱད་ནས་སློག་རྒྱག་བཞིན་ཡོད་པས་དེང་རབས་ཅན་གྱི་འཕྲུལ་ཆས་སྤྱད་ནས་ཞིང་ལས་བྱེད་པའི་རྣམ་པ་ག་ས་གར་མཐོང་རྒྱུ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བྱ་དགོས།
  • ལེ་ཚན་རྗེས་མ།:མཛེས་སྡུག་རྣམ་པར་བཀྲ་བའི་གཞུང་ལམ་རྒྱུད་གྱི་མཛེས་ལྗོངས།
  • དོ་སྣང་ཆེ་བའི་རྩོམ།