“འོད་སྣང་ཕོ་ཉ”ཡིས་བརྩེ་སེམས་བཅངས་ནས་དབུལ་སྐྱོར་བྱེད།

ཡེ་ཤེས་ཀྱིས་བསྒྱུར།        2020-05-29

    ལོ་བརྒྱད་ཀྱི་སྔོན་ལ། ཀའོ་གོ་ཨན་གྱིས་སྤྱི་གཉེར་ཁང་གི་རུ་ཁག་ཁྲིད་ནས་རང་ཁུལ་གྱི་ཁང་སྟེང་ཁྱབ་ཚུལ་ཅན་གྱི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚུགས་ཨང་དང་པོ་བསྐྲུན་རྒྱུའི་ནང་ཞུགས་པ་རེད། ལོ་མང་པོའི་རིང་ལ་ཁོས་དངུལ་དང་དངོས་པོ་སྒོར་ཁྲི420ཞལ་འདེབས་བརྒྱབ་ནས་ས་གནས་དེ་གའི་རྨང་གཞི་སྒྲིག་བཀོད་དང་སློབ་མ་དབུལ་པོར་རོགས་སྐྱོར་བྱས་པ་རེད།

    ཀའོ་གོ་ཨན་ནི་ཁྲེང་ཏུའུ་ཀའོ་ཏེ་ལེ་ནུས་རྒྱུ་གསར་པ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་ཡིན་ཞིང་། ལོ8ཀྱི་སྔོན་ལ་ཁོས་སྤྱི་གཉེར་ཁང་གི་རུ་ཁག་དང་ཧྲོང་ལིའུ་ཆུས་ཀྱི་འབའ་ཐང་ལ་རོགས་སྐྱོར་བྱེད་མཁན་ལས་སྒྲུབ་རུ་ཁག་ཁྲིད་དེ་འབའ་ཐང་རྫོང་དུ་བཅའ་སྡོད་བྱས་པ་རེད། སྔོན་རྗེས་སུ་རང་ཁུལ་གྱི་ཁང་སྟེང་ཁྱབ་ཚུལ་ཅན་གྱི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚུགས་ཨང་དང་པོ་དང་གྲོང་སྡེ་རིམ་པའི་འོད་ནུས་གློག་འདོན་རླངས་འཁོར་འཇོག་སའི་སྤྱིལ་ཁང་བསྐྲུན་སའི་ནང་ཞུགས་ཡོད་པ་རེད། གྲུ་བ་ནང་དང་། གདམ་པ། སོ་བ་ནང་སོགས་ཡུལ་ཤོག་གི་གྲོང་སྡེ6ལ་སྒོར་ཁྲི120རི་བའི་ཉི་ནུས་ལམ་སྒྲོན་ཞལ་འདེབས་བརྒྱབ་པ་རེད། གྲོང་སྡེ་ཁ་ཤས་ལ་གློག་ཁྲིད་མེད་པ་དང་གློག་སྒྲོན་མེད་པའི་ལོ་རྒྱུས་རྩ་བ་ནས་བསྒྱུར་ཏེ་བོད་རིགས་ས་ཁུལ་གྱི་མང་ཚོགས2000ལྷག་ཙམ་གྱི་མཚན་མོའི་འཚོ་བ་དེ་བས་སྟབས་བདེ་དང་མཚན་མོ་འགྲོ་འོང་བྱེད་དཀའ་བའི་རྣམ་པ་ལེགས་སུ་བསྒྱུར་བ་རེད། ལོ་མང་པོའི་རིང་ལ་ཁོས་སྔོན་རྗེས་སུ་མ་དངུལ་སྒོར་ཁྲི420ལྷག་ཙམ་ཞལ་འདེབས་བརྒྱབ་ནས་འབའ་ཐང་རྫོང་ལ་ཡུལ་གྲོང་གཞུང་ལམ་བསྐྲུན་ཞིང་། ཐབ་ཚང་དང་གསང་སྤྱོད་ཁང་བསྒྱུར་བཀོད། དུད་ཚང་དབུལ་པོར་ཁང་པ་འགེབ་རོགས་བཅས་བྱས་པས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཁོ་ལ་འོད་སྣང་ཕོ་ཉ་ཞེས་བསྔགས་བརྗོད་བྱས་པ་རེད།

     སྤྱི་ཟླ5པའི་ཚེས15ཉིན། རྡོ་གཞོང་ཡུལ་ཤོག་གི་ཁམ་བུ་རྟེན་གཞི་ས་ཁུལ་བར་ཤོག་གྲོང་སྡེའི་ཆོས་མཚོ་ཚང་གི་ཁང་སྟེང་དུ་ཁྲེང་ཏུའུ་ཀའོ་ཏེ་ལེ་ནུས་རྒྱུ་གསར་པ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་སྒྲུབ་མི་སྣས་གློག་འདོན་ཤེལ་པང་ལ་ཞིབ་དཔྱད་ཚད་ལེན་བྱེད་བཞིན་འདུག གྲོང་སྡེའི་ནང་ཁྱིམ་ཚང་ཚང་མའི་ཁང་པའི་སྟེང་དུ་འོད་ནུས་གློག་འདོན་ཤེལ་པང་གིས་བཀྲག་མདངས་འཚེར་ཞིང་། ཉི་འོད་ནུས་པ་རྒྱུན་ཆད་མེད་པར་གློག་ནུས་སུ་བསྒྱུར་དང་སྒྱུར་བཞིན་ཡོད་པ་རེད། ཁམ་བུའི་རྟེན་གཞི་ཞེས་པའི་གནས་སྤོས་མང་ཚོགས་ཚང་མའི་ངོ་གདོང་ལ་དགའ་ཚོར་ཆེན་པོ་བྱུང་། ཁང་སྟེང་དུ་ཤེལ་པང་ཆུང་ཆུང་ཞིག་སྒྲིག་སྦྱོར་བྱས་ན་ལོ་རེར་སྒོར1000ཙམ་བགོ་ཆོག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་རང་ཁུལ་གྱི་སྐྲུན་མགོ་ཚུགས་པ་དང་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པའི་ཁང་སྟེང་གི་གྲོང་སྡེ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚུགས་ཨང་དང་པོ་དེ་ཡིན་ལ། རང་ཁུལ་གྱི་ཐོ་འགོད་སྙན་སེང་ལེགས་འགྲུབ་བྱུང་བའི་གྲོང་སྡེ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚུགས་ཨང་དང་པོའང་ཡིན་པ་རེད། གློག་འདོན་ས་ཚུགས་འཛུགས་སྐྲུན་བྱེད་པའི་དུས་མཚུངས་སུ། ཀའོ་གོ་ཨན་གྱིས་ད་དུང་མ་དངུལ་སྒོར་ཁྲི40ལྷག་ཙམ་བཏང་ནས་གྲོང་སྡེ་གསར་པར་ཁུལ་ཡོངས་ཀྱི་གྲོང་སྡེ་རིམ་པའི་འོད་ནུས་གློག་འདོན་རླངས་འཁོར་འཇོག་སའི་སྤྱིལ་ཁང་ཉག་ཅིག་དེ་བསྐྲུན་ཡོད་པ་རེད། བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཀྱི་རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་ཐག་གཅོད་བྱེད་པ་དང་ཆབས་ཅིག ནུས་ལྡན་གྱིས་བར་མཐོངས་བཀོལ་སྤྱོད་བྱས་ནས་འོད་ནུས་གློག་འདོན་བྱས་པར་བརྒྱུད་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱས་པ་རེད།

     གྲོང་སྡེ་དང་དུད་ཚང་དུ་སྐྱོད་པའི་བརྒྱུད་རིམ་ཁྲོད། ཀའོ་གོ་ཨན་གྱིས་མང་ཚོགས་དབུལ་པོ་ཁག་གཅིག་གི་དཀའ་སྡུག་ཆེ་བའི་འཚོ་བ་མཐོང་སྐབས་ཁོ་སེམས་སྡུག་སྟེ་དུད་ཚང་དབུལ་པོར་རོགས་རམ་བྱེད་གང་ཐུབ་བྱས་པ་རེད། ལོ་མང་པོའི་རིང་ལ་ཁོས་ལེགས་སྐྱེས་ཕུལ་ནས་དཀའ་ངལ་ཡོད་པའི་སློབ་མ20ལྷག་ཙམ་ལ་སྔོན་རྗེས་སུ་སྒོར་ཁྲི60ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད་ཅིང་། འབའ་ཐང་རྫོང་མི་དམངས་སློབ་ཆུང་གི་བྱིས་པ་ཚོས་དགུན་ཁར་ད་དུང་ཆུ་འཁྱག་གིས་ངོ་འཁྲུད་བཞིན་ཡོད་པའི་གནས་ཚུལ་ཤེས་རྗེས། ཁོས་སླར་ཡང་སྒོར་ཁྲི24.8བཏང་ནས་ཉི་ནུས་ཆུ་ཚའི་འཕྲུལ་ཆས་མ་ལག་སྒྲིག་སྦྱོར་བྱས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:དཀའ་སྤྱད་འབད་འཐབ་ལས་བདེ་སྐྱིད་ཀྱི་མེ་ཏོག་བཞད།
  • ལེ་ཚན་རྗེས་མ།:གླིང་ཁུལ་བསྐྲུན་ནས་ཁེ་ལས་ནང་འདྲེན་བྱས།
  • དོ་སྣང་ཆེ་བའི་རྩོམ།