ལྗོན་པའི་དོ་ཧ།

ཧྲང་བུ་བཀྲ་ཤིས།        2020-05-25

སེམས་འདི་ལྗོན་པའི་འདབ་མར་བྲིས་པའི་ཚེ།།

ཚོར་བའི་གླུ་སྐད་ལྗོན་པའི་རྐང་ལ་སིམ།།

སེམས་འདི་ལྗོན་པའི་རྩེ་ནས་འཕུར་བའི་སྐབས།།

ལྗོན་པའི་ཆིག་ལབ་སེམས་ཀྱི་གཤོག་པར་འགོས།།

སེམས་འདི་ལྗོན་པའི་གྲིབ་ལ་ཆགས་པ་ན།།

སྣང་བའི་ལིང་ཚེ་ལྗོན་པའི་ལྗགས་ལས་འཁྲུངས།།

སེམས་འདི་ལྗོན་པའི་རྩ་བར་འདྲེས་པའི་ཚེ།།

འཚོ་བའི་ཞལ་ཐང་ལྗོན་པའི་སྤྱན་ལ་འདྲིས།།

སེམས་འདི་ལྗོན་པའི་ཁོག་ཏུ་གཟིམས་པའི་ཚེ།།

རྟོག་པའི་རྒྱལ་རབས་ལྗོན་པའི་ངག་ལ་སྨིན།།

སེམས་འདི་ལྗོན་པའི་ཡལ་གར་བཅོལ་བ་ན།།

ལས་ཀྱི་རི་མོ་ལྗོན་པའི་ཤུན་པར་གསལ།།

སེམས་འདིས་ལྗོན་པའི་སྒྲ་ལ་ཉན་པའི་ཚེ།།

སྒྱུ་མའི་གླིང་བུ་ལྗོན་པའི་ཞལ་གྱིས་འབུད།།

སེམས་འདིས་ལྗོན་པའི་གྲིབ་མ་བརྩེགས་པ་ན།།

རྒྱུ་འབྲས་དཀར་ནག་ལྗོན་པའི་བཞིན་ལ་བབས།།

སེམས་འདིས་ལྗོན་པའི་ཡང་སྙིང་འཚོལ་བའི་ཚེ།།

རྟེན་ཅིང་འབྲེལ་བ་ལྗོན་པའི་རྩེ་ན་བཞད།།

སེམས་འདིས་ལྗོན་པའི་སྒོ་གླེགས་རྡུང་པའི་དུས།།

ཡི་གེའི་སྐྱེས་རབས་ལྗོན་པའི་ནགས་ན་ཡོད།།

སེམས་འདི་ལྗོན་པའི་མལ་དུ་ལྷུང་པའི་ཚེ།།

ཚིག་གི་སྐྱ་རེངས་ལྗོན་པའི་སྐྱིབས་ལས་ཚེས།།

སེམས་འདིས་ལྗོན་པའི་ལ་སྒང་འགྲིམས་པའི་སྐབས།།

ལོ་ཟླའི་དྲན་པ་ལྗོན་པའི་ཁོག་ན་ཡོད།།

སེམས་འདིས་ལྗོན་པའི་ན་རོ་འཐེན་པའི་ཚེ།།

སྣང་བའི་གདུ་བུ་ལྗོན་པའི་ཕྱག་ན་ཡོད།།

སེམས་འདིས་ལྗོན་པའི་གཙང་བོ་བརྒལ་བའི་ཚེ།།

ཀོ་གྲུ་ཆུང་ཆུང་ལྗོན་པའི་སྟེང་ན་ཡོད།།

སེམས་འདིས་ལྗོན་པའི་སྨིན་མ་མཇལ་བའི་ཚེ།།

འཚོ་བའི་སྤྱན་རས་ལྗོན་པའི་འོག་ན་ཡོད།།

སེམས་འདི་ལྗོན་པའི་ལ་རྒྱར་འགྲོགས་པའི་ཚེ།།

གྲོགས་པོའི་བརྩེ་འདང་ལྗོན་པའི་ཐུགས་ན་ཡོད།།

སེམས་འདིས་ལྗོན་པའི་སྐར་མ་རྩིས་པའི་ཚེ།།

ང་ཡི་སྨིན་དྲུག་ལྗོན་པའི་མཁའ་རུ་ཡོད།།

སེམས་འདི་ལྗོན་པའི་ལྡེབས་ལ་འཚེམ་པའི་ཚེ།།

འཚོ་བའི་མངོན་རྟོགས་ལྗོན་པའི་ཕུགས་ན་ཡོད།།

སེམས་འདིས་ལྗོན་པའི་དོ་ཧ་མཇལ་བའི་ཚེ།།

སྣང་བའི་མགུར་གླུ་ལྗོན་པའི་ངག་ནས་ཐོན།།

སེམས་འདིས་ལྗོན་པའི་རི་རབ་འབྲི་པའི་ཚེ།།

ང་ཡི་ཉི་ཟླ་ལྗོན་པའི་དད་པར་བཅོལ།།

སེམས་འདིས་ལྗོན་པའི་སྤྲིན་ལ་ཞོན་པའི་ཚེ།།

ང་ཡི་སུམ་རྩེན་ལྗོན་པའི་སྤུན་ཟླ་ཉིད།།

སེམས་འདིས་ལྗོན་པའི་ལི་ཐོ་སྔོག་པའི་ཚེ།།

ང་ཡི་ལོ་ཟླ་ལྗོན་པའི་ཚལ་ན་ཡོད།།



  • ལེ་ཚན་སྔོན་མ།:ཉི་མ་འོད་ཆེན།
  • ལེ་ཚན་རྗེས་མ།:འཁྱགས་སིབ་སིབ་ཀྱི་ཕ་ཡུལ།