ཉི་མ་འོད་ཆེན།

གཡུ་ཆུང་ཡེ་རྡོར།        2020-05-25

ཐུབ་པའི་བསྟན་པ་རླབས་པོ་ཆེ།།

འཛིན་པའི་དགེ་འདུན་རིན་པོ་ཆེ།།

འཚེ་མེད་ཆོས་ཀྱི་བདུད་རྩི་ལ།།

རོལ་བའི་བླ་མར་སྙིང་ནས་འདུད།།

རབ་ཡངས་ཐུགས་ཀྱི་ཀུན་གསལ་ངོར། །

བྱམས་དང་བརྩེ་བའི་ཉི་ཟླ་འཁྲུངས།།

སྙིགས་མའི་དུས་ཀྱི་སྨག་རིམ་ནང་།།

ཁྱེད་ནི་འོད་ཀྱི་པདྨ་ཞིག།

ཟབ་མོ་སྟོང་བའི་ལྟ་བ་རྟོགས།།

གྲུབ་མཐའི་ཕྱོགས་ཞེན་ལར་མེད་པ།།

དུས་མཐའི་སེམས་ཅན་དབྱེར་མེད་པར། །

བརྩེ་བའི་སློབ་གསོའི་སྦྲང་ཆར་བསྙིལ། །

རྒྱ་བོད་ལོ་རྒྱུས་ཡིག་ཚང་དུ།།

ལོ་ཙཱ་ཉིད་ནི་རྩ་བའི་གཞི།།

དེང་རབས་བོད་ཀྱི་ལོ་ཙཱ་མཚན།།

ཁྱེད་ལ་བསྙད་ན་ཤིན་ཏུ་འོས།།

འཛམ་གླིང་ཤར་ནུབ་སློབ་ཆེན་དང་།།

ཚན་རིག་དང་ནི་ནང་ཆོས་སོགས།།

བགྲོ་གླེང་ཁོ་ནའི་དབུ་འབྱེད་པ།།

ཁྱེད་ནི་རིག་པའི་བང་རྩལ་ཞིག།

རང་སེམས་འདུལ་བ་ཆོས་ཀྱི་གཞི།།

གཞན་ཕན་སྐྱོང་བ་བརྩེ་བའི་གཞི།།

རང་གཞན་གཉིས་ཕན་སྒྲུབ་པ་ནི།།

ལུགས་གཉིས་དཔལ་ལ་རྨད་པས་ལགས།།

ཁ་ཡག་ངོ་དགར་མི་སྨོན་པར།།

ལྷོད་ཀྱིས་གཞན་དོན་རྟག་ཏུ་བརྩོན།།

ཞི་ཞིང་དུལ་བའི་སྤྱོད་བཟང་འདི།།

མཁས་བཙུན་བཟང་གསུམ་ལྡན་པས་ལགས།།

བདག་གཞན་རིས་མེད་འགྲོ་རྣམས་ཀྱི།།

བསྐལ་བའི་བར་དུ་བསགས་པ་ཡི།།

དགེ་དང་སྡིག་པའི་ཉེས་ཡོན་ཀུན།།

དད་དང་འགྱོད་པས་ཁྱེད་ལ་བཅོལ།།



  • ལེ་ཚན་སྔོན་མ།:ཉི་ཤུའི་སྣང་བ་ཁྲ་ཁྲའི་མདོ།
  • ལེ་ཚན་རྗེས་མ།:ལྗོན་པའི་དོ་ཧ།