རོགས་སྐྱོར་གཅིག་རྗེས་གཉིས་མཐུད་བྱས་ནས་དབུལ་ཐར་ལམ་དུ་བསྐྱལ།

ཀུན་དགས་བསྒྱུར།        2020-05-25

རོགས་སྐྱོར་གཅིག་རྗེས་གཉིས་མཐུད་བྱས་ནས་དབུལ་ཐར་ལམ་དུ་བསྐྱལ།

འཕྲུལ་ཆས་ཀྱིས་བརྔ་བསྡུ་བྱེད་བཞིན་པའི་ཚུལ།

   ཕྱོགས་ཡོངས་འབྱོར་འབྲིང་གི་ཞན་ཆ་དེ་གྲོང་སྡེར་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་ཁ་གསབ་བྱས་ཏེ་འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་གང་ཐུབ་བྱ་དགོས་ཞེས་གསུངས། རང་ཁུལ་གྱི་རིམ་ཁག་དང་སྡེ་ཁག་གིས《དཀར་མཛེས་ཁུལ་གྱིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་ཕོངས་སུ་ཆགས་པ་དང་དབུལ་ཕོངས་བསྐྱར་ལོག་སྔོན་འགོག་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《དཀར་མཛེས་ཁུལ་གྱི་དབུལ་ཕོངས་སུ་ཆགས་པ་དང་དབུལ་ཕོངས་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》གཞིར་བཟུང་ནས་ལྟ་ཞིབ་ཚད་ལེན་གྱིས་རོགས་སྐྱོར་བྱས་པས་མ་ཚད་དུས་ཐོག་ཏུ་དམིགས་སོ་ཡོད་པའི་སྒོ་ནས་ལྟ་ཞིབ་ཉེན་བརྡ་གཏོང་བ་དང་འགུལ་རྣམ་རོགས་སྐྱོར་བྱས་ཏེ་དབུལ་ཕོངས་སུ་ཆགས་པ་དང་དབུལ་ཕོངས་བསྐྱར་ལོག་ཏུ་འགྱུར་བའི་ཉེན་ཁ་ཆུང་དུ་བཏང་བ་རེད། ཁུལ་དང་རྫོང་། ཡུལ་ཤོག གྲོང་སྡེ་བཅས་རིམ་པ་བཞིའི་དབུལ་ཕོངས་སུ་གྱུར་ཅིང་དབུལ་ཕོངས་བསྐྱར་ལོག་ཏུ་འགྱུར་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་ནས་གཙོ་གནད་བྱ་ཡུལ་དུ་མཐིལ་རྟོགས་བརྟག་དཔྱད་བྱ་རྒྱུར་ཤུགས་བརྒྱབ་ཡོད། ཅི་ཞིག་མི་འདང་ན་དེ་ལ་ཁ་གསབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དབུལ་འགོག་རྐྱེན་སྲོལ་དང་དབུལ་སྐྱོར་སྲིད་ཇུས། སྤྱི་ཚོགས་འགན་སྲུང་སྲིད་ཇུས། དབུལ་འགོག་འགན་བཅོལ། སྤྱི་ཚོགས་རོགས་སྐྱོབ་སོགས་འབྲེལ་མཐུད་དམ་ཚགས་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་། ལྟ་ཞིབ་ཚད་ལེན་བྱས་ཚུལ་དང་མང་ཚོགས་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ནས་དམིགས་གཏད་ཡོད་པའི་སྒོ་ནས་རོགས་སྐྱོར་བྱེད་ཐབས་སྤྱད་དེ་དེར་མཁོ་བའི་རོགས་རམ་དང་། ནུས་ལྡན་ཕན་ཡོད། འགན་དགོས་འགན་སྲུང་བཅས་བྱས་ཡོད། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་དང་སྲིད་ཇུས། རོགས་སྐྱོར། ལྟ་སྐུལ་དོ་དམ་བཅས་མི་འདོར་བའི་བླང་བྱ་ལྟར། སྲིད་ཇུས་གཙོ་བོའི་འཕྲལ་མཚམས་མི་འཇོག་པ་དང་གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག་ཕྱིར་འཐེན་མི་བྱེད་ཅིང་། དབུལ་ཐར་འགག་སྒྲོལ་གྱི་བརྟན་ལྷིང་རོགས་སྐྱོར་ལམ་སྲོལ་མུ་མཐུད་ལག་བསྟར་བྱས་ཏེ་གྲོང་སྡེར་བཅའ་སྡོད་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་རེད།

   རོགས་སྐྱོར་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་དབུལ་ ཐར་འགག་སྒྲོལ་གྱི་རྨང་གཞི་བརྟན་དུ་བཏང་།

   སྤྱི་ཟླ4པའི་ཚེས20ཉིན། དཀར་མཛེས་རྫོང་ཞིང་འབྲོག་གྲོང་སྡེ་དང་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རིམས་ནད་ཀྱིས་དཔྱིད་རྨོད་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་ཚད་དམའ་རུ་བཏང་བ་དང་མང་ཚོགས་ཀྱིས་དཔྱིད་རྨོད་དུས་ཚིགས་དམ་འཛིན་བྱེད་པར་འགན་ལེན་བྱ་ཆེད། ཅུས་དེས་ཕྱིར་རོགས་ལས་དོན་ཁྲོད་རང་འགུལ་གྱིས་ཞིང་པའི་དཔྱིད་རྨོད་ཐོན་སྐྱེད་ཀྱི་དགོས་མཁོར་རྒྱུས་ལོན་བྱས་ཏེ་སོན་བཟང་དང་རྫས་ལུད་བསྐྱལ་བ་སོགས་ཀྱི་ཞིང་སྐྱོར་ཞིང་ཕན་གྱི་བྱེད་སྒོ་སྤེལ་བ་རེད། ད་སྔའི་བར། ཅུས་དེས་གྲོང་མིར་རིན་མི་བླངས་ནས་རྫས་ལུད་རྒྱ་མ་ཁྲི278.24སྐྱེལ་འདྲེན་བྱས་པས་མ་ཚད་ཞིང་ལས་ཡུལ་གྲོང་ཁག་ཏུ་ནས་སོན་བཟང་པོ་རྒྱ་མ་ཁྲི45.65བསྐྱལ་ཡོད།

   དཀར་མཛེས་རྫོང་སྲིབ་ངོས་ཡུལ་ཤོག་ཧོར་ཁོག་ནང་གྲོང་སྡེའི་བསྟན་ཆོས་འཕེལ་ཚང་ལ་རྨོ་ཞིང་མུའུ30ལྷག་ཡོད་ཅིང་། དེའི་ཐོག་གཉེན་ཉེ་ཚང་གི་རྨོ་ཞིང་མུའུ30འགན་གཙང་ལེན་བྱས་ནས་ཞོག་ཁོག་སྨུག་པོ་དང་ནས་འདེབས་རྩིས་བྱེད་ཡོད་མོད། འོན་ཀྱང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ས་བོན་དང་རྫས་ལུད་སོགས་དངོས་ཟོག་ཉོ་དཀའ་བར་གྱུར། འདི་འདྲའི་གནས་ཚུལ་འོག་རྫོང་དེའི་ཞིང་འབྲོག་གྲོང་སྡེ་དང་ཚན་རྩལ་ཅུས་ཀྱི་འགན་གཙང་ལེན་མགོ་ཁྲིད་དང་གྲོང་སྡེའི་ལས་བྱེད་པ་རང་འགུལ་ངང་སྒོ་རྩར་ཡོང་ནས་ས་བོན་དང་རྫས་ལུད་སོགས་དངོས་ཟོག་གཏོང་འདྲེན་བྱས་ཏེ་ཁོའི་འདི་ལོའི་དཔྱིད་རྨོད་ཀྱི་དཀའ་གནད་བསལ་བ་རེད།

   བསྟན་ཆོས་འཕེལ་གྱིས་སྤྲོ་དགའི་ངང་ནས་ངས་འདི་ལོའི་དཔྱིད་རྨོད་ཐོན་སྐྱེད་དེ་སྟོང་པར་འགྱུར་སྲིད་སྙམ་ཡང་། ད་ཆ་གྲོང་སྡེའི་འགན་གཙང་ལེན་བྱེད་མཁན་ལས་བྱེད་པས་ང་ཚོར་དཀའ་ངལ་དངོས་སེལ་རོགས་བྱས་པས་ཐོན་འབབ་དང་ཡོང་འབབ་ཉུང་འགྲོའི་ཐད་སེམས་ཁྲལ་མི་འདུག་ཅེས་བཤད།

    དཀར་མཛེས་རྫོང་ཡུལ་གྲོང་ཁག་གིས་གྲོང་སྡེ་རིམ་པ་ཚན་པར་བྱས་ཏེ་གཅིག་སྡུད་ཐོག་གྲོང་མིའི་དཔྱིད་རྨོད་རྨོད་གྲབས་ཀྱི་ཞིང་སྤྱོད་དངོས་རྫས་ཀྱི་གྲ་སྒྲིག་གནས་ཚུལ་དང་དགོས་མཁོའི་གནས་ཚུལ་སོགས་ལ་མཐིལ་རྟོགས་བརྟག་དཔྱད་བྱས། གྲོང་སྡེའི་ལས་བྱེད་པ་དང་གྲོང་སྡེའི་བཅའ་སྡོད་ལས་བྱེད་པ། ཏང་ཡོན་གདོང་ལེན་རུ་ཁག་གི་དང་བླངས་པ། ཞིང་ལས་ལག་རྩལ་མི་སྣ་བཅས་ཀྱིས་མཉམ་པོར་ཡུལ་མིར་མཁོ་བའི་ལུད་དང་ས་བོན། ཞིང་སྨན། ཞིང་སྤྱོད་འགྱིག་ཤོག་སོགས་ཞིང་སྤྱོད་དངོས་རྫས་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་བས་མ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས།

   སྡེ་རོང་རྫོང་སྤུན་གསུམ་གྲོང་རྡལ་གནས་ཡུལ་གྲོང་སྡེའི་གྲོང་མི་ཝང་ཞང་ནི་སྐད་གྲགས་ལྡན་པའི་ཚ་ལ་རྒྱག་མཁན་ཞིག་ཡིན་ཞིང་། ཚ་ལ་ཙམ་མིན་པར་ཁོས་ད་དུང་ཤེལ་སྒོ་དྲས་པ་དང་ཧང་བསྲེས་ལྕགས་ཀྱི་སྒོ་དང་སྒེའུ་ཁུང་། སྟབས་བདེའི་ལྕགས་ཁང་། ལྕགས་ཁྲ་བཅས་བཟོ་བཞིན་ཡོད། སྒོ་ཆེན་པོར་སྒོར2000དང་སྒོ་ཆུང་ལ་སྒོར300བྱས་ནས་འཚོང་བཞིན་ཡོད་པས་ཉིན་རེར་མ་མཐར་ཡང་སྒོར400དང་ཟླ་རེའི་ཉུང་མཐར་ཡང་སྒོར7000རག་གིན་ཡོད།

   བར་སྐབས་ཤིག་ལ་ཝང་ཞང་གིས་ཐོན་ལས་མ་རྙེད་དེ་རྦད་དེ་དབུལ་ཕོངས་ཀྱི་གནས་སུ་ལྷུང་། སྐབས་དེར་རོགས་སྐྱོར་ལས་བྱེད་པས་ཁོའི་ཚ་ལའི་ལག་རྩལ་བཟང་པ་ཤེས་རྗེས་ཁོ་ལ་སྦྱོར་བའི་ཚོང་ཁང་ཞིག་བཙུགས་རོགས་བྱས། ཝང་ཞང་ཕྱུག་པོར་གྱུར་རྗེས་ཡུལ་མི་ཚོར་རོགས་རམ་བྱ་རྒྱུ་བརྗེད་མེད། ཁོང་གིས་འཇང་རིགས་དང་བོད་རིགས་ཀྱི་དགེ་ཕྲུག6ཁྲིད་ནས་ཚ་ལའི་ལག་རྩལ་སོགས་བསླབས་པ་རེད།ཁོང་གིས་ཁྲིད་པའི་སློབ་མ་དང་པོ་ནི་འཇང་རིགས་གཞོན་ནུ་བསོད་ནམས་ཡིན་ཞིང་ལོ་རེའི་ཡོང་འབབ་སྒོར་ཁྲི5ཡན་ལ་ཟིན་ཡོད།

སི་ཁྲོན་ཡུལ་སྐོར་མ་འཇོག་ཚོགས་པས་མ་དངུལ་བཏང་ནས་བསྐྲུན་པའི་སྔོ་ཚལ་དྲོད་ཁང་ཆེན་མོའི་ནང་འདབ་པ་རྫོང་མང་ར་ཡུལ་ཤོག་མ་བདེ་ཐང་གྲོང་སྡེའི་གྲོང་མི་སྐར་མདའ་ཕུན་ཚོགས་ཀྱིས་འགན་གཙང་ལེན་བྱས་པའི་དྲོད་ཁང་ཆེ་མོའི་ནང་པད་ཚལ་འཐུ་བཞིན་འདུག ཁོང་གིས་པད་ཚལ་དེ་དག་ཤམ་བྷ་ལ་གྲོང་རྡལ་གྱི་མགྲོན་ཁང་དུ་འཚོང་རྩིས་ཡོད་པ་རེད། དྲོད་ཁང་དེའི་ནང་གྲོང་མི་ཚོས་ཉམས་མྱོང་མེད་པ་རྒྱུ་མཚན་དུ་བྱས་ནས་དོ་དམ་དང་ལེན་བྱེད་འདོད་མེད་དུས་གྲོང་སྡེའི་བཅའ་སྡོད་ལས་དོན་ཚོ་ཆུང་གིས་སྐར་མདའ་ཕུན་ཚོགས་བཙལ་ནས་དཔལ་འབྱོར་རྩིས་ཐེངས་བརྒྱབ་པ་དང་ཁྲོམ་རའི་བྲིན་ཚོང་ལ་དབྱེ་ཞིབ་བྱས་མཐར་སྐར་མདའ་ཕུན་ཚོགས་སེམས་འགུལ་ཐེབས་ནས་སྔོ་ཚལ་འདེབས་འཛུགས་བྱས་ཏེ་སྨི་གྲུ་མ30ལས་མེད་པའི་དུས་ཚིགས་གཅིག་གི་པད་ཚལ་ལ་སྒོར500ཙམ་རག་པ་རེད། ཁེ་བཟང་རག་རྗེས་སྐར་མདའ་ཕུན་ཚོགས་ཀྱིས་སྨི་གྲུ་བཞི་མ800ལ་ཟིན་པའི་སྔོ་ཚལ་དྲོད་ཁང་ཆེ་མོ་ཞིག་འགན་གཙང་ལེན་བྱས། ལས་དོན་ཚོ་ཆུང་གིས་ཁོང་ལ་རྩིས་ཤིག་བརྒྱབ་པ་ན་པད་ཚལ་ཆུང་ངུ་ཁོ་ནར་ལོ་གཅིག་ལ་དུས་ཚིགས་དྲུག་བཏབ་ཚེ་ཡོང་འབབ་སྒོར་ཁྲི8ཡོང་ཐུབ་ཅིང་། དེ་མིན་ལས་དོན་ཚོ་ཆུང་གི་མཛུབ་སྟོན་འོག་ཕུན་ཚོགས་ཀྱིས་སེ་པད་དང་ལྡུམ་སྒོང་སོགས་བཏབ་པས་འདི་ལོར་ཉུང་མཐར་ཡང་ཡོང་འབབ་སྒོར་ཁྲི2རག་རྒྱུ་ཡིན་པ་རེད། སྐར་མདའ་ཕུན་ཚོགས་ཀྱིས་ངའི་ནང་ལ་མི་བཞི་ཡོད། འདི་ལོ་ངས་སྔོ་ཚལ་བཙོངས་ནས་ཡོང་འབབ་སྒོར་ཁྲི2བྱུང་། དེའི་ཐོག་ནང་མིས་བེ་ཤ་བསྒྲུགས་ནས་སྒོར་ཁྲི6དང་དབྱར་རྩྭ་དགུན་འབུ་བརྐོས་ནས་སྒོར་ཁྲི2.1ནགས་སྲུང་ནས་སྒོར6000 རྩྭ་གསབ་སྒོར9000རག་ཡོད་པས་མ་ཚད་མག་པས་ཤིང་བཟོ་བྱས་ནས་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི3ཙམ་རག་བྱུང་། ཉེ་ཆར་ངས་སྒོར་ཁྲི10ལྷག་ཙམ་ཟིན་པའི་བྱེས་བགྲོད་རླངས་འཁོར་ཞིག་ཉོས་པར་མ་ཟད་འཁོར་གསུམ་སྦག་སྦག་ཅིག་ཀྱང་ཉོས་ནས་སྔོ་ཚལ་སྐྱེལ་འདྲེན་བྱེད་ཀྱི་ཡོད། དེ་དག་ཚང་མ་ནི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དང་སི་ཁྲོན་ཡུལ་སྐོར་མ་འཇོག་ཚོགས་པའི་སྒེར་སེམས་མེད་པའི་རོགས་རམ་གྱི་གྲུབ་འབྲས་རེད་ཅེས་བཤད་པ་རེད།

  འགན་འཁྲི་ནན་དུ་བསྟར་ནས་མང་ཚོགས་ཀྱི་ཡིད་ཚིམ་ཚད་མཐོ་རུ་བཏང་།

  རིམས་ནད་ཚོད་འཛིན་བྱུང་རྗེས་ཁུལ་དང་རྫོང་གི་རིམ་ཁག་མགོ་ཁྲིད་ལས་བྱེད་པ་གྲོང་སྡེ་དང་དུད་ཚང་རེ་རེར་བསྐྱོད་དེ་ཕྱིར་ལོག་རོགས་རམ་གྱི་བྱེད་སྒོ་སྤེལ། ཁྱོད་ཀྱི་མིང་ལ་ཅི་ཟེར། ཁྱིམ་ནང་མི་ག་ཚོད་ཡོད་དམ། ཁང་པའི་རྒྱ་ཁྱོན་ག་ཚོད་རེད། ཚང་མར་འཐུང་ཆུ་གཙང་མ་ཡོད་དམ། བྱིས་པ་སློབ་གྲྭར་འགྲོ་བཞིན་ཡོད་དམ། ཟླ་རེའི་ཡོང་འབབ་ཅི་ཙམ་ཡོད་ཅེས་ཞིབ་ཚགས་སྒོ་ནས་གནས་ཚུལ་རྒྱུས་ལོན་བྱས། ཞིང་འབྲོག་མང་ཚོགས་ཀྱིས་བཏོན་པའི་ཞིབ་ཕྲའི་དཀའ་ངལ་ལ་དམིགས་ནས་རིམ་ཁག་མགོ་ཁྲིད་ལས་བྱེད་པ་དང་རོགས་སྐྱོར་རྩ་འཛུགས་བཅས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བརྒྱུད་རིམ་ཁྲོད་ཐོན་པའི་གནད་དོན་གསར་པ་ཐག་གཅོད་བྱས་པ་རེད།

   འགན་འཁྲི་ནན་དུ་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་བྱེད་ཐབས་ཁག་ཞིབ་ཕྲ་སྲ་བརྟན་དུ་གཏོང་བ་དང་ཆབས་ཅིག་རང་ཁུལ་གྱིས་སྔོན་ཚུད་ཉེན་བརྡའི་ལྟ་ཞིབ་ཚད་ལེན་ལམ་སྲོལ་བཙུགས་ཡོད། ཁྱིམ་ཚང་གི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར5000ལས་དམའ་བར་མ་ཟད་དབུལ་ཕོངས་སུ་གྱུར་པ་དང་དབུལ་ཕོངས་བསྐྱར་ལོག་གི་ཉེན་ཁ་ཡོད་པ། བྱུར་རྐྱེན་དང་རིམས་ནད་བྱུང་བའམ་ཡང་ན་རྒྱུ་རྐྱེན་གཞན་དག་གི་དབང་གིས་ཡོང་འབབ་གློ་བུར་དུ་ཉུང་དུ་སོང་བའམ་གཏོང་སྒོ་གློ་བུར་དུ་འཕར་བའི་ཞིང་དུད་རྣམས་དབུལ་ཐར་ལྟ་ཞིབ་ཚད་ལེན་དུད་ཚང་དང་མཐའ་ཁུལ་ཁྱིམ་དུད་ཀྱི་ཁོངས་སུ་བཅུག་ནས་ལྟ་ཞིབ་ཚད་ལེན་བྱས་ཡོད། སྐབས་འཕྲལ་གྱི་སྐྱོབ་རོགས་རྐྱེན་སྲོལ་འཛུགས་པ་དང་དབུལ་སྐྱོར་ཐེབས་རྩ་བཞི་བཙུགས་པའི་རྨང་གཞིའི་ཐོག་རྫོང་རིམ་པའི་ནོར་སྲིད་སྔོན་རྩིས་བཀོད་སྒྲིག་དང་ཁ་གཏད་རོགས་སྐྱོར། རྒྱ་གྲམ་དམར་པོ་ཚོགས་པ། དབུལ་སྐྱོར་ཉིན་མོ་བཅས་ཀྱི་ཞལ་འདེབས་མ་དངུལ་དང་དེ་བཞིན་ལུགས་མཐུན་གྱི་མ་དངུལ་གཞན་དག་གཅིག་གྱུར་འཆར་འགོད་བྱས་ཏེ་རྫོང(གྲོང་ཁྱེར)རེས་སྒོར་ཁྲི100ལས་མི་ཉུང་བའི་གནས་སྐབས་རོགས་སྐྱོབ་ཐེབས་རྩ་གྲབས་གསོག་བྱས་ཡོད། སྔར་བཞིན་དཀའ་ངལ་ཡོད་མཁན་ལ་དགོས་ངེས་ཀྱི་རོགས་སྐྱོར་བྱས་ཏེ་འགན་བཅོལ་དབུལ་སྐྱོར་ལམ་སྲོལ་གསར་གཏོད་བྱས་ཏེ་དབུལ་སྐྱོར་འགན་སྲུང་ཉོས་པའི་སྔོན་འགྲོའི་ཆ་རྐྱེན་འོག་དབུལ་སྲུང་འགན་སྲུང་ཉོ་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། མི་ལུས་བདེ་འཇགས་དང་སྡོད་ཁང་སོགས་ཀྱི་རྒྱུ་ནོར་བདེ་འཇགས་དེ་ཉེན་འགོག་འགན་ལེན་གྱི་ཁྱབ་ཁོངས་སུ་བཞག་ཡོད།

    རང་ཁུལ་གྱིས་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་འབབ་འཕར་གྱི་འགག་རྩ་གཉིས་མངོན་གསལ་དམ་འཛིན་བྱས་ཏེ་དྭངས་གཙང་གི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ་ཐོན་ལས་དར་རྒྱས་གཏོང་བའི་ཐད་དཀར་མཛེས་ཀྱི་ཐབས་ལམ་ཞིག་བཏོད་ཡོད། དབུལ་ཕོངས་ས་ཁུལ་དུ་སྤྱི་ཕན་ནགས་ཚལ་མུའུ་ཁྲི14བསྐྲུན་པ་དང་ནགས་ཚལ་མུའུ་ཁྲི21.5གསོ་སྐྱོང་བྱས་པ། གཞུང་ལམ་སྤྱི་ལེ212ལྗང་བསྒྱུར་བྱས་པ། སྐྱེ་ཁམས་བཅོས་སྐྱོང་མུའུ་ཁྲི6.24བཅས་བྱས་ཡོད། གནོད་འགོག་གནོད་སེལ་གྱི་ནུས་པ་འཛུགས་སྐྱོང་བྱས་ནས་དུད་ཚང220ལ་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་བཀོད་སྒྲིག་བྱས་ཡོད། ནགས་ཚལ་ཐོན་ཁུངས་དོ་དམ་རགས་ལས་ཅན་སོགས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱས་ནས་ངལ་རྩོལ་བྱེད་ནུས་ཡོད་པའི་མི་འབོར་དབུལ་ཕོངས་རྣམས་ས་ཆ་དེ་རང་དུ་སྐྱེ་ཁམས་ནགས་སྲུང་བར་བསྒྱུར་བ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་མང་ཚོགས་དབུལ་ཕོངས21861སྐྱེ་ཁམས་ནགས་སྲུང(རྩྭ་)པར་བདམས་ནས་མང་ཚོགས་དབུལ་ཕོངས་ཀྱི་ལས་ཞུགས་འབབ་འཕར་མི་རེར་སྒོར5672ལ་བསླེབས། དབུལ་ཐར་འགག་སྒྲོལ་གྱི་ནགས་བཟོའི་མཉམ་ལས་ཁང48མང་དུ་བཏང་བ་དང་རིམ་རྩིས་བྱས་ན153བསྐྲུན་ཡོད། གྲོང་མི་དབུལ་ཕོངས5536བསྡུས་པ་དང་ནགས་བཟོའི་ལས་འགན་མུའུ་ཁྲི31.95ཁུར་ནས་ལས་མི་རེར་ཡོང་འབབ་སྒོར3279ཐོབ་ཡོད། སྐྱེ་ཁམས་སྐྱིན་གསབ་ཀྱིས་མང་ཚོགས་ལ་ཕན་པར་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་དབུལ་ཐར་འགག་སྒྲོལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐུན་མོང་ཐོག་སྤྱི་ཕན་ནགས་ཚལ་མུའུ་ཁྲི2032.34བདག་སྐྱོང་སྲུང་སྐྱོང་བྱས་ཡོད། ཐུན་མོང་གི་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.18དོན་འཁྱོལ་བྱས་ཏེ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་འདམ་རའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཚོད་ལྟའི་ལས་གཞི་སྐུལ་སྤེལ་བཏང་། འདམ་ར་མུའུ་ཁྲི172.21སྲུང་སྐྱོང་དང་ཕྱུགས་དོར་བརླན་གསོ་མུའུ་ཁྲི1.06བྱས། འདམ་རའི་ཁ་གསབ་མ་དངུལ་སྒོར་ཁྲི716སྤྲད་པ་དང་རྩྭ་ཐང་གི་ཕྱུགས་བཀག་ཁ་གསབ་རོགས་དངུལ་མུའུ་ཁྲི4500 རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའི་ལས་འགན་མུའུ་ཁྲི7963བཅས་དོན་འཁྱོལ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར5.36བཏང་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:བྲག་མགོ་རྫོང་གིས་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་སྟབས་གཏོང་བར་དམ་འཛིན་དོ་ནན་བྱས།
  • ལེ་ཚན་རྗེས་མ།:ཀུན་དགའ་ལྷ་མོར“སེམས་ནང་གི་སྨན་ཞབས་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།