ཨ་མར་བརྩེ་ཞེན་གྱིས་ཕུལ་བའི་མགུར།

བྲན།        2020-05-22

ཞོགས་པའི་ཉི་རྡུལ་ལ་ཟོས་པའི།།

འོད་ཀྱི་རྨུ་ཐག་གིས་སྦྲེལ་འདྲའི།།

བརྩེ་སེམས་དར་དཀར་གྱི་མདུད་པ།།

ཨ་མའི་སེམས་ཁོང་ལ་བརྒྱུས་ཡོད།།

མྱོས་འཛིན་མེ་ཏོག་གི་ཚལ་ནས།།

ཕྱི་གཟུགས་བདེན་དོན་གྱི་ཕྱག་རྒྱ།།

སྣང་སྲིད་བྲོ་ར་རུ་བསྒོམས་པས།།

སྒྱུ་མའི་ཏིང་འཛིན་གྱིས་སྒེག་བྱུང་།།

དྲན་ཤེས་ན་ཆུང་གི་འཇོ་སྒེག།

དུངས་སེམས་མེ་ལོང་ལ་འཕོས་པས།།

བརྩེ་བའི་འཛུམ་དཀར་གྱི་ལང་ཚོ།།

རྙིང་རྒྱུ་མེད་པ་རུ་ཆགས་ཡོད།།

ཁྲེལ་ཡོད་མཛའ་དུངས་ཀྱི་སེམས་པ།།

ནམ་ཡང་འགྱུར་བ་ཞིག་མ་གནང་།།

རྒས་པའི་གཉོམ་ཆུང་གི་སེམས་པར།།

གས་ཆག་ཤོར་ཁ་དེ་སླ་འགྲོ།།

བྱམས་པའི་ཉི་འོད་ཀྱི་ཟེགས་མ།།

བུ་ཡི་གདོང་པད་ལ་འཕྲོས་ཚེ།།

བཅོས་མིན་མཛའ་གཅུགས་ཀྱི་རི་མོ།།

སྙིང་ལྕགས་རུས་པ་ལ་དཔར་ཡོད།།

ཇོ་ཇོ་རྟེན་འབྱུང་གི་རྐང་སྟེགས།།

ཡིན་ཡིན་མིན་མིན་དུ་ཤར་བས།།

སྒྱུ་མའི་གར་སྟབས་ཀྱི་བྲེལ་སྣང་།།

མུན་པའི་རྩིག་ངོས་སུ་ཡལ་སོང་།།

གཟུང་འཛིན་མ་ལོ་ཡི་འཛུམ་ཞལ།།

ལན་གཅིག་མཐོང་བ་དེ་བརྫུན་ན།།

དོན་དམ་ཐུགས་དབྱིངས་ཀྱི་ཀློང་ནས།།

སེམས་པ་སྐྱོ་སྐྱོ་རུ་ཆགས་འགྲོ།།

ཕྱི་ཡི་འཕོ་འགྱུར་གྱི་དངོས་ལ།།

ནང་གི་ཚོགས་དྲུག་གིས་བསླུས་ན།།

མཛའ་འབྲེལ་ཕྱི་ཐག་གི་ཆོས་ཉིད།།

ཚོན་ལྔའི་འཇའ་འོད་ལ་འཁྲུལ་འགྲོ།

མ་འགྲུབ་བརྗོད་མེད་ཀྱི་ལྟ་བར།།

ཨ་མའི་རྒས་ཉམས་དེ་ཤར་ན།།

མཁྱེན་པའི་ཆག་གྲུམ་གྱི་རྨ་ཁ།།

སོས་པ་འདྲ་འདྲ་ཞིག་ཤར་ཡོང་།།

བདེན་རྫུན་གཉིས་མེད་ཀྱི་སྣང་བ།།

སེམས་པའི་གཞི་དབྱིངས་ནས་ཁེགས་ན།།

བཅོས་དང་མ་བཅོས་ཀྱི་སེམས་པ།།

འོད་གསལ་གཉུག་མ་ཡིས་སྒེག་འགྲོ།

ཀླུ་སྒྲུབ་ཟླ་གྲགས་ཀྱི་ཞལ་ཆེམས།།

རླུང་ལ་བསྐུར་བ་དེ་འབྱོར་བས།།

འཚོལ་བའི་བཀའ་བཤོལ་གྱི་རི་ནས།།

ཨ་མ་མཐོང་ཚུལ་དེས་སྐྱོ་བྱུང་།།

དཔྱིད་གསུམ་མེ་ཏོག་གི་ཟིལ་བ།།

ཉི་མས་མ་ཁྱེར་བའི་སྔོན་ལ།།

ཨ་མའི་དྭངས་གསལ་གྱི་བརྩེ་བ།།

སེམས་ལ་འཛིན་རྒྱུ་ཞིག་མངོན་བྱུང་།།

བཅོས་མིན་དགོད་ཁ་ཞིག་ཤོར་བས།།

ཚེམས་ཕྲེང་མུ་ཏིག་གི་བཏུང་བ།།

གཡུ་སྦྲང་མཆུ་འདབ་ཀྱིས་བླངས་ན།།

ཨ་མའི་མཛའ་སེམས་དེ་དྲན་ཡོང་།།

ཨ་མའི་གཞུང་བཟང་གི་བརྩེ་ཞེན།།

ནམ་ཡང་སྣུམ་སྣུམ་དུ་ཆགས་པས།།

རེས་སྐྱིད་རེས་སྡུག་གི་འཚོ་བ།།

ཨ་མའི་ཕྲག་སྟེང་ནས་ཟད་སོང་།།

མཛའ་བ་ལྷོད་མེད་ཀྱི་ཨ་མ།།

གཅེས་པའི་དམར་ཆུང་གི་སྲོག་ཡིན།།

མགོ་མཇུག་མེད་པ་ཞིག་མ་གནང་།།

དཀར་ནག་ལས་འབྲས་ཀྱིས་འཚོས་ཡོད།།

བདེན་པར་མ་ཞེན་ཞེས་གསུངས་ཀྱང་།།

རྫུན་པར་མི་སྣང་བའི་མི་ཡིས།།

རྫུན་འགོག་བདེན་མེད་ཀྱི་ལྟ་བར།།

བཏང་བ་སྙོམས་སྙོམས་ཤིག་མཛོད་དང་།།

  • ལེ་ཚན་སྔོན་མ།:ཐོལ་བྲིས་ཁ་ཚར་ཅན།
  • ལེ་ཚན་རྗེས་མ།:སྨྲ་བ་མེད་པའི་དབྱངས།