གསེར་གྱི་རྒྱ་སེ་མེ་ཏོག

ཧྲང་བུ་བཀྲ་ཤིས།        2020-05-20

ལང་ཚོའི་མཚར་སྡུག་མ་ཡལ་དབྱར་གྱི་མེ་ཏོག་བཞིན།།

འཇིག་རྟེན་མཛེས་པར་རྒྱན་བྱེད་གསེར་གྱི་ཀུ་སུ་མ།།

སྒེག་པའི་གཟུགས་ལ་གཤིས་བཟང་དངུལ་གྱི་ལྭ་བས་བརྒྱན།།

རི་དྭགས་མིག་ལ་རབ་མཛེས་སྨིན་མའི་མཚམས་སྤྲིན་འཁོར།།

ལས་ཀྱི་ཁོར་ཡུག་ཁྲོད་དུ་ཨུ་དུམ་ཝ་ར་བཞིན།།

མི་ཚོགས་འདུས་པ་རྒྱ་མཚོའི་འཇིངས་ཀྱི་དཀོན་ནོར་ཏེ།།

སྲིད་འདིར་མཇལ་བའི་བག་ཆགས་ཁོ་ནས་གཞོན་པའི་སེམས།།

དབང་མེད་དེ་ཡི་ཕྱོགས་ལ་འདྲེན་མཁས་སྡུག་གུ་མ།།

ཕྱི་ལ་གཟུགས་བཟང་དུ་ཀུ་ལ་ཡི་ན་བཟའ་བཞིན།།

ནང་དུ་བྱམས་བརྩེ་གསེར་གྱི་རྒྱལ་མཚན་རབ་ཏུ་འཁོར།།

གཞན་ལ་འདྲིས་པའི་བག་ཆགས་དཀར་པོ་དུང་གི་ཟླ།།

རང་ལ་འདྲིས་པའི་གཤིས་བཟང་བལ་དཀར་འདབ་མ་བཞིན།།

མགྲིན་པའི་མཚོ་ལ་གསུང་སྙན་གསེར་གྱི་ཉ་མོ་འཁྱུག།

ཡིད་ཀྱི་རི་བོ་སྙིང་རྗེའི་གཤིས་ཀྱི་ཁ་བས་བཀླུབས།།

ཤེས་རབ་གཡུ་ཡི་གྲི་ལ་ཐབས་ཀྱི་ངར་ཁ་ལྡུད།།

མཛངས་པའི་ལས་ལ་བསྔགས་འོས་མེ་ཏོག་ཆར་བཞིན་བབས།།

མཛངས་མའི་མདུན་སར་སྣ་ཚོགས་གཏམ་གྱི་གཏམ་སྒོ་རྣམས།།

ལེགས་པར་ཕྱེ་ལ་འཛུམ་པའི་མིག་ཟུང་ལེགས་པར་གཏད།།

དུངས་བརྗོད་གསེར་སྐྱེམས་འབུལ་ལ་བརྩོན་འགྲུས་རྟ་ཕོ་བསྐྱོད།།

དེས་ཀྱང་བདག་ལ་ཁྱེད་ཉིད་སྲིད་འདིའི་ནོར་དུ་སྣང་།།

བློ་ཡི་ནམ་མཁར་ཤེས་རིག་པད་མའི་མདངས་ཀྱིས་མཛེས།།

གཏམ་གྱི་རྫིང་བུར་བརྩེ་ཆེན་ངང་མོ་ཡུན་གྱིས་བཞུགས།།

བཞིན་གྱི་ངོགས་སུ་ཟླ་བའི་ཁྱད་ཆོས་ལེགས་པར་འཛིན།།

དེང་འདིར་དཀོན་པ་གསེར་གྱི་རྒྱ་སེ་མེ་ཏོག་ཁྱེད།།

སྲིད་པའི་གྲོང་ལ་ལས་འཕྲོའི་སྒྲུང་གི་མེ་ཏོག་བཏབ།།

ཞི་བའི་ངག་ལ་སྙིང་གཏམ་བྱུ་རུའི་རྒྱ་མཚོ་འཁྱིལ།།

བདེན་པའི་ཡིད་ལ་ཆོག་ཤེས་གཟི་ཡི་སྤྱན་རས་འཁྲུངས།།

སྲིད་འདིའི་དགོས་འདོད་ཀུན་འབྱུང་ནོར་གྱི་དྭངས་མ་ཁྱེད།།

ཡིད་བརྙན་ཚིག་ལ་བཀོད་པའི་བསྔགས་འོས་བསྔགས་བསྟོད་འདི།།

བདེན་པའི་གདངས་ལ་ཡི་གེའི་ཚོགས་གྱི་གར་སྒྱུར་བ།།

སེམས་ལ་དགའ་བ་འཇོག་པའི་གཏན་གྱི་གསེར་ཡིག་འདི།།

གསེར་གྱི་རྒྱ་སེ་ཁྱེད་ལས་གཞན་དག་སུ་ཡིས་འཛིན།།

  • ལེ་ཚན་སྔོན་མ།:ཁ་བ་དང་ངའི་སེམས་པ།
  • ལེ་ཚན་རྗེས་མ།:ཡུལ་ཤུལ་དུ་ས་འགུལ་བྱུང་ནས་ལོ་ངོ་བཅུ་ཡི་རྗེས།