སྡོང་ལོ་སེར་པོ།

གངས་ཆབ་སྔོན་མོ།        2017-06-22

སྟོན་མཇུག་གི་རླུང་བུ་འུར་འུར་དུ་ལྡང་བྱུང་།

ཤར་ནས་ནུབ་ཏུ་རི་གྲོང་ཞིག་དྲུད་ནས་ལྡང་འོང་།

བྱང་ནས་ལྷོ་རུ་གད་སྙིགས་ཤིག་སྤུངས་ཏེ་ལྡང་འོང་།

སྟེང་ནས་འོག་ཏུ་ལྗིད་ཚད་ཅིག་བཏེགས་ནས་ལྡང་འོང་།

སྡོང་ལོ་སེར་པོ།     

མིག་ཀོང་དུ་གཅིག་ལྷུང་གཉིས་ལྷུང་།

ཤག་ཤག་ཏུ་ལྷུང་བའི་སྡོང་ལོ་སེར་པོས།

ཅི་ཡིན་འདི་ཡིན་མེད་པར།   

བློང་བློང་པོར།

ཆོམ་རྐུན་གྱི་སྒྲ་ཞིག་བཏེགས་ནས་ལྷུང་ཡོང་།

དུངས་སེམས་ཀྱི་བར་ཐག་ཅིག་དྲུད་ནས་ལྷུང་ཡོང་།

ལྟར་སྣང་གི་ཁ་དོག་ཅིག་བསྒོས་ནས་ལྷུང་ཡོང་།

སྡོང་ལོ་སེར་པོ།      

སྐྲ་འདབས་ཀྱི་གཙང་བོ་དེ་རེད།

སྡོང་ལོ་སེར་པོ།      

གཙང་བོའི་གཞུང་གི་མགྲོན་པོ་དེ་རེད།

སྐྱེས་རབས་ཤིག་གི་ཉམས་ང་ཕྲ་མོ།

ལོ་མ་གཅིག་གི་ཁ་དོག་ཡིན་ནམ།

ཡང་ན།      

མི་ཚེ་ཞིག་གི་མགོ་རྔ་བར་གསུམ།

ལོ་མ་ཞིག་སར་ལྷུང་བའི་གོ་རིམ་དང་འདྲའམ།

ང་ཡི་ཕོ་བྲང་སྔོན་མོའི་རྡོ་གཅལ་ལེབ་མོ།

སྡོང་ལོ་སེར་པོས་ཡང་ཡང་བསྒུལ་དུས།

ང་ཁོ་ནས།    

ཕ་གིའི་དར་ལྕོག་དེར་ཅེར་ནས།

སེར་ཐག་ཆོད་པའི་ལོ་མ་རེ་རེའི་ངོས་སུ།

ཁ་དོག་དཀར་པོ་ཅན་གྱི་རི་བོ་ཞིག་འབྲི་དགོས་ལ།

གཡུ་ཡི་མེ་ལོང་ལྟ་བུའི་མཚོ་མོ་ཞིག་འབྲི་དགོས།

སེར་ཐག་མ་ཆོད་པའི་ལོ་མ་རེ་རེའི་ངོས་སུ།

སྐམ་རིད་དུ་གྱུར་བའི་ཡུལ་མི་ཚོའི་ངོ་གདོང་འབྲི་དགོས་ཤིང་།

གང་ལ་གང་འཚམས་ཀྱི་སྒོ་ནས།

ཁོ་ཚོའི་གོ་ཁ་གོར་མོར་བུ་ཡིས་བཀང་ཞིང་།

སྒོ་རའི་ཕྱི་ནང་བར་གསུམ་ལ།

ཕྱྭ་གཡང་གིས་ཁྱབ་པའི་སྨོན་འདུན་ཞིག

ལོ་མ་རེ་རེའི་ངོས་སུ་བྲིས་ཏེ།    

དུད་ཁྱིམ་རེ་རེར་དགྲམ་དགོས།


  • ལེ་ཚན་སྔོན་མ།:ཕ་མར་ཕུལ་བའི་གཞས།
  • ལེ་ཚན་རྗེས་མ།:ཕྱིར་དྲན་ཁྲོད་ཀྱི་ངའི་ཕ་ཡུལ།