ཀ་ཕྲེང་ཀུན་སྐྱོབ་མ།

འཇམ་དབྱངས་ནོར་བུ་ནས།        2020-05-14

ཀྭ་ཡེ་ཉོན་དང་གངས་རིའི་ནང་ལུང་གི།

ཁ་ཏོན་དགེ་ལ་དགའ་བའི་བོད་པ་ཚོ།།

ག་ས་གང་ལ་གློ་ནད་མཆེད་དུས་འདིར།།

ང་ཡིས་ཀུན་ལ་ཕན་པའི་ཚིག་འགའ་ཞུ།།

 

ཅ་ཅོ་འུར་ཟིང་ཆེ་སར་འགྲོ་མཚམས་ཞོག།

ཆ་རྒྱུས་མེད་པའི་མི་ལ་ཐུག་མཚམས་ཞོག།

ཇ་ཆང་ཞིམ་པོའི་བཅུད་ལ་རོལ་བཞིན་དུ།།

ཉ་མོ་མཚོ་ལ་གནས་བཞིན་ཁྱིམ་ནས་སྡོད།།

 

ཏ་ལེན་དུས་རྒྱུན་ཁུར་བའི་འབྲོག་པ་དང་།།

ཐ་མག་རྔམ་འཐེན་བྱེད་པའི་རོང་བ་ཚོས།།

ད་ནས་རང་སྲུང་ཐབས་ལ་མ་བརྩོན་ན།།

ན་ཚས་ལུས་པོ་གཙེས་དུས་རང་སྡུག་ཡིན།།

 

པ་སངས་ལྟ་བུའི་ལྷག་བསམ་མེད་ན་ཡང་།།

ཕ་མེས་སྲོལ་བཞིན་གཞན་ལ་གནོད་པ་སྤོངས།།

བ་གླང་བཞིན་དུ་གོ་བ་མེད་བསྡད་ན།།

མ་རབས་ནད་ངན་རྙེད་རྒྱུ་ཁོ་ཐག་རེད།།

 

ཙ་རི་གནས་ན་བཞུགས་པའི་སྒོམ་ཆེན་དང་།།

ཚ་གྲང་ཟུག་གཟེར་གསོད་པའི་ལྷ་རྗེ་ཡིས།།

ཛ་དྲགས་ནད་ངན་འདི་ལ་འཐབ་ཐུབ་ན།།

ཝ་འདྲའི་འུ་ཚོས་རང་ལུས་སྲུང་ལོས་དགོས།།

 

ཞ་ར་བཞིན་དུ་ཟིན་ཚད་ཟོས་པ་དང་།།

ཟ་འཐུང་སྡིག་ལ་རྔམ་པའི་རྣམ་སྨིན་གྱིས།།

འ་ཅག་མི་ལ་ནད་ངན་འདི་འདྲ་བྱུང་།།

ཡ་ལན་ཚིག་བརྩི་ཡོད་ན་ཟ་ཚོད་ཟུངས།།

 

ར་ཤ་ནོར་ཤ་སོགས་ཀྱིས་མ་ཆོག་པར།།

ལ་ལུང་སྲོག་ཆགས་གང་གནས་ཡོད་ཚད་ཀྱི།།

ཤ་ཁྲག་ལོངས་སུ་སྤྱད་པའི་རྣམ་སྨིན་གྱིས།།

ས་སྟེང་མི་ལ་ལས་འབྲས་འཁོར་བ་འདྲ།།

 

ཧ་ལས་དགོས་པའི་ཟས་ལ་རོལ་བ་ལས།།

ཨ་རོ་ཚིག་འདིར་ཉོན་དང་སྙིང་གྲོགས་ཚོ།།

ཧ་ལམ་རང་གིས་རང་ཉིད་བསྲུང་དགོས་པས།།

ཨ་གསར་མ་བྱེད་གཙང་སྦྲ་རྒྱུན་འཁྱོངས་བྱོས།།

                           ༢༠༢༠   ༠༢   ༠༢ཉིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཚིག་གི་མེ་ཏོག
  • ལེ་ཚན་རྗེས་མ།:དུས་ཚོད་ཀྱིས་རྨས་ པའི་གསང་བ།