ཉུག་སེམས་ཀྱི་སྣང་མགུར།

དབུ་འཇིགས་མེད།        2020-05-08

ལྷ་ལམ་མཁའ་ནས་འོད་སྟོང་འཕྲོ་བའི།།

དབྱིག་གི་བློ་གྲོས་གཟི་འོད་མངོན་ཡོད།།

བྱ་ཁྱུ་སྐོར་ཞིག་གཙང་བོ་བསྙེགས་ནས།།

སྨུག་པོ་འབྲོག་པའི་ཐང་ཆེན་མཐོང་བྱུང་།།



འབྲོག་པའི་བུ་མོའི་འཛུམ་མདངས་མངོན་ནས།།

སྐྱེས་པས་རྒྱལ་བོ་དེ་ལ་ཆགས་སོང་།།

ཞེན་ཆགས་སྙིང་གི་དབུས་སུ་བསྒོམས་ནས།།

འཁོར་བའི་གནས་སུ་ད་དུང་སྒུག་ཡོད།


འཆི་མེད་ལམ་ནས་ལྷ་ཞིག་མཐོང་ན།།

ལས་སྐལ་དམར་པོ་ཞུས་ན་འདོད་བྱུང་།།

འཁོར་བའི་ཐང་ནས་ལྷ་མོ་མཇལ་ནས།།

དུང་སེམས་གཙང་མ་ཕུལ་ན་འདོད་བྱུང་།།


ཐང་སྨུག་གུར་ཁྱིམ་ནང་ན་གཡང་ཊི།།

གུར་ཁྱིམ་དཀར་པོའི་བདག་མོ་ཡིན་སོང་།།

བརྩེ་བ་གཙང་ཆུ་སྔོན་མོ་བཞུར་འདྲ།།

དུང་བ་གངས་དཀར་བཞིན་དུ་བརྟན་ཡོད།།


ཁ་བའི་མེ་ཏོག་ཅིག་སེམས་ན་བཞད།།

དུང་སེམས་གཙང་མ་ཞིག་ཁྱོད་ལ་ཕུལ།།

དྲན་པ་དམར་པོ་ཞིག་སེམས་ལ་བཟུང།།

ན་ཟུག་མང་པོ་ཞིག་སེམས་ནད་རེད།།


དྲན་པ་འདི་རླུང་བུ་ཞིག་ཡིན་ན།།

སེམས་པ་འདི་གཙང་བོ་ཞིག་ཡིན་འགྲོ།

གཙང་བོ་འདི་སེམས་པ་ལ་འདྲེས་ན།།

བརྩེ་བ་གཙང་མ་ཞིག་ཆུ་ལྟར་བཞུར།།

  • ལེ་ཚན་སྔོན་མ།:སྐྱོ།
  • ལེ་ཚན་རྗེས་མ།:སྲོག་གི་ང་རོ་སྒྲོག་པའི་དབྱངས་རྟ།