ཀྲུང་གོ་བེ་ཤའི་ཡུལ་མཆོག་གི་བེ་ཤ་གླེང་བ།

བེ་མདའ།        2020-04-30

    

ཀྲུང་གོ་བེ་ཤའི་ཡུལ་མཆོག་གི་བེ་ཤ་གླེང་བ།

  དེ་ཡང་ཀྲུང་གོ་བེ་ཤའི་ཡུལ་མཆོག་ཏུ་གྲགས་པའི་ཁམས་ཀྱི་ཉག་ཆུ་རྫོང་མཁར་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད་དུ་གནས་ཡོད་ལ།  དེ་རུ་ཉམས་དགའ་བའི་ཉག་ཆུའི་རྦ་རླབས་ཀྱི་རྨུ་ཐག་དལ་བར་བརྒྱུས་ཡོད་ལ།  ད་དུང་མི་རིགས་མཐུན་སྒྲིལ་དང་མཛའ་བརྩེ་མཉམ་བཞད་ཀྱི་མེ་ཏོག་རབ་ཏུ་རྒྱས་པའི་ཡུལ་གྲུ་ཞིག་ཀྱང་ཡིན།  ས་འདི་ལ་ཀྲུང་གོའི་བེ་ཤའི་ཡུལ་མཆོག་གམ་བེ་ཤའི་ཕ་ས་ཞེས་འབོད་བཞིན་ཡོད་ལ།  དེ་ནི་མིང་དོན་མི་མཚུངས་བའི་དེང་སང་གི་མིང་འདོགས་སྟངས་དང་ལར་ནས་མི་འདྲ་བར།   ཀྲུང་གོ་བེ་ཤའི་ཡུལ་མཆོག་ཅེས་འབོད་པ་བཞིན་དུ་དོན་ལ་ཡང་དངོས་གནས་བེ་ཤའི་ཡུལ་མཆོག་གམ་བེ་ཤའི་ཕ་ས་ཞེས་འབོད་ཀྱང་དོན་དུ་གནས་ཡོད།  ཉག་ཆུ་རྫོང་འདི་ལ་རོང་འབྲོག་གཉིས་ཡོད་པར་མ་ཟད་དེ་དག་ཀྱང་གྲོང་རྡལ་གཉིས་དང་ཤང་བཅུ་དྲུག་ལ་གནས་ཡོད་ལ།  ཉག་ཆུའི་ཡུལ་དུ་བེ་ཤ་ཡིས་གཙོས་པའི་སྐྱེ་དངོས་རིགས་ཧ་ཅང་མང་པོ་ཡོད་པར་མ་ཟད།  དེ་དག་ལ་བརྟེན་ནས་འཚོ་བ་ལ་སྔར་ལས་ལྷག་པའི་གྲུབ་འབྲས་ཤིག་ཀྱང་ཐོན་ཡོད།   བེ་ཤ་ནི་གཙོ་བོ་བེ་ཤིང་ཡོད་སར་མ་གཏོགས་མི་སྐྱེ་ལ་བེ་ཤ་ཡི་འབྱུང་ཁུངས་ཀྱང་ཧ་ཅང་དཀོན་པོ་ཡིན།   བེ་ཤ་ནི་སྨན་གཞུང་ནས་བཤད་པའི་སྨན་རྫས་རྩ་ཆེན་ཞིག་ཡིན་པར་མ་ཟད།  རང་བྱུང་ཁམས་ཀྱི་ཟས་སྣ་གཙང་མ་ཞིག་ཀྱང་ཡིན།  དཔེར་ན།  གནའ་དུས་ཡོ་རོབ་ཀྱི་རྒྱལ་ས་ཞིག་ཏུ་འགད་རྫས་བཙོག་པ་འགའ་རེ་འཕངས་བས་ས་དེར་རྩི་ཤིང་སོགས་མི་སྐྱེ་བར་མ་ཟད།  རྗེས་ནས་ས་དེར་སྐྱེས་པའི་བྱིས་པ་ཚང་མ་དབང་པོ་མ་ཚང་བ་སོགས་ཡིན་པས་དེ་ནས་རྒྱུ་ཆེན་ཕྱུག་པོ་ཚོས་བེ་ཤ་ཉོས་ནས་ཟོས་པས་བྱིས་པ་དབང་པོ་མ་ཚང་བ་དེ་ཡང་རིམ་བཞིན་མེད་པར་གྱུར་སོང་བ་རེད་ཅེས་ཀྱང་ཐོས་སོང་།   དེ་འདྲའི་རྩ་ཆེ་བའི་བེ་ཤ་ནི་ཉག་ཆུ་རྫོང་གི་སྨད་ཀྱི་ཆར་དུ་གཏོགས་པའི་ཞིང་བ་རྣམས་ཀྱི་འཚོ་བའི་རྟེན་གཞི་རུ་གྱུར་ཡོད་པ་རེད།  བེ་ཤ་ཞིག་མེད་པ་ནས་ཡོད་པ་དང་ཡོད་པ་དང་ས་བོན་དང་བཅས་པར་འགྱུར་དགོས་ན་ངེས་པར་དུ་མ་མཐའ་ལོ་ལྔ་ནས་དྲུག་དགོས་ལ།  ལོ་གཅིག་གི་ནང་དུ་བེ་ཤ་སྐྱེ་བའི་དུས་ཚིགས་གཅིག་ལས་མེད་པ་དང་།  དེ་ནི་ཟླ་བ་དྲུག་པ་དང་བདུན་པའི་ནང་དུ་རེད།   བེ་ཤ་འཚོལ་དུ་ཕྱིན་ན་གཅན་གཟན་གྱི་འཇིགས་པ་སོགས་ལ་ཡང་སྐྲག་དགོས་པས་བེ་ཤ་ནི་ཧ་ཅང་རྙེད་དཀའ་བ་ཞིག་ཡིན་པ་རེད། 

ཀྲུང་གོ་བེ་ཤའི་ཡུལ་མཆོག་གི་བེ་ཤ་གླེང་བ།

ཀྲུང་གོ་བེ་ཤའི་ཡུལ་མཆོག་གི་བེ་ཤ་གླེང་བ།

    བེ་ཤ་ཡི་རིང་ཚད་ལ་ཆེ་རུང་ཅི་རིགས་ཡོད་ལ།   དེ་ལས་རིང་བ་ཕལ་ཆེ་བ་ནི་བེ་ཤིང་རིང་བའི་གསེང་དུ་ཡོད་པས་རིན་གོང་ཡང་ཅུང་ཟད་ཆུང་།   ཐུང་བ་རྣམས་ནི་བེ་ཤིང་ཐུང་བ་དང་ལེགས་པའི་གསེང་དུ་ཡོད་པས་རིན་གོང་ཆེ་བར་མ་ཟད་ནུས་པ་ཡང་ཧ་ཅང་ཆེ་བ་རེད།   སྤྱིར་ཤ་མོའི་རིགས་ལ་ཧ་ཅང་མང་པོ་ཡོད་ལ།  འབྲོག་ས་ལ་ལར་ཤ་དྲེད་དགུ་དྲེད་ཟེར་བ་ཞིག་ཡོད་ལ།   དེ་བཞིན་དུ་གསེར་ཤ་དང་དངུལ་ཤ་སོགས་བགྲངས་ཀྱིས་མི་ལངས་བར་ཡོད།   དེ་དག་རེ་རེ་ལ་ཡང་གསོ་རིག་རྒྱུད་བཞི་ལས་གསུངས་པ་ལྟར་ནུས་པ་སོ་སོ་བ་ཡོད་པར་སྨྲོས་མ་དགོས་པ་ལྟར་རེད།   ད་དུང་ཉག་ཆུ་ཁ་རུ་བེ་ཤའི་ཐུག་པ་སོགས་བེ་ཤ་ལས་བཟོས་པའི་ཟས་སྣ་ཡང་ཧ་ཅང་མང་བ་དང་།  ཉག་ཆུ་རྫོང་དུ་བེ་ཤ་ཡི་རིག་གནས་བྱེད་སྒོ་ཅི་རིགས་པ་སྤེལ་བཞིན་ཡོད་པར་མ་ཟད་ལོ་རེར་ཟླ་དགུ་བའི་ཟླ་མཇུག་ཏུ་བེ་ཤ་དུས་ཆེན་ཟེར་བའི་དུས་ཚོད་དམིགས་བསལ་བ་ཞིག་ཀྱང་ཡོད།


  • ལེ་ཚན་སྔོན་མ།:བོད་མིའི་ཆང་གི་རིག་གནས་སྐོར།
  • ལེ་ཚན་རྗེས་མ།:ཁ་དྲོ་བའི་རྟེན་འབྲེལ་གྱི་རྫས་མཆོག༼ལོ་གསར་གྱི་ཁ་ཟས།༽