ཁུལ་དབུལ་ཐར་འགག་སྒྲོལ་མགོ་ཁྲིད་ཚོགས་ཆུང་གིས2020ལོའི་ཚོགས་འདུ་ཐེངས་གསུམ་པ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2020-04-29

    སྤྱི་ཟླ4པའི་ཚེས26ཉིན་ཁུལ་དབུལ་ཐར་འགག་སྒྲོལ་མགོ་ཁྲིད་ཚོགས་ཆུང་གིས2020ལོའི་ཚོགས་འདུ་ཐེངས་གསུམ་པ་དར་མདོ་རུ་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་དབུལ་ཐར་འགག་སྒྲོལ་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ཞིང་ཆེན་དབུལ་ཐར་འགག་སྒྲོལ་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས31པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2019ལོའི་དབུལ་ཐར་འགག་སྒྲོལ་སྐོར་གྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་དཔྱད་ཞིབ་དཔྱད་དཔོག་གི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ། དབུལ་ཐར་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་གྱི་སྔོན་འགྲོའི་གྲ་སྒྲིག་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ལ་གསན་འཇོག་གནང་དང་ཕྱིན་ཆད་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུའི་ནང་ཞུགས་ནས་གསུང་བཤད་གནང་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་འགན་བཞེས་པ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་བཅས་ཚོགས་འདུའི་ནང་ཞུགས་ཡོད་པ་རེད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ཐོབ་པ་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་དང་མཐའ་ཚད་ཀྱི་ལས་འགན་ཡིན་ལ། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་ཞིང་། འདུ་ཤེས་བཞི་ལ་ཞིབ་བཤེར་བྱེད་པ་དང་སྲུང་སྐྱོང་བྱེད་ཐུབ་པ་གཉིས་ཚོད་ལྟ་བྱེད་ཡས་ཀྱི་རྨང་རྡོའང་ཡིན་པ་རེད། མིག་སྔའི་དུས་བབ་ཀྱི་མདུན་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཉིན་འདི་ནས་བཟུང་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཉིན་བརྒྱའི་ཚོགས་ཆེན་གྱི་དམག་འཐབ་བྱེད་མགོ་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་ཇེ་དྲག་ཏུ་གཏོང་བ། བརྟན་པོ་དྲུག་གི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབ་རྒྱུ། འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བཅས་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། མཇུག་བསྡུའི་དམག་འཐབ་ཀྱི་ལས་འགན་ལ་རྒྱལ་ཁ་ལེན་པའི་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་སོ་སོའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཡོངས་སུ་ལེན་པའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ཐོབ་པར་་ཡི་རང་བའི་རྒྱུགས་ཤོག་ཅིག་སྤྲད་དགོས། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་ཞེན་པ་ལོག་པའི་བསམ་ཚུལ་དང་། བག་གཡེང་གི་སེམས་ཁམས། ལྷོད་གཡེང་གི་བསམ་བློ་བཅས་མཐའ་གཅིག་ཏུ་ཁྱད་བསད་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་རང་བདག་དབང་ཆ་བརྟན་པོ་འཛིན་པ་དང་། ཉིན100ཡི་དུས་ཚོད་གཅིག་སྡུད་སྤྱད་དེ་དབུལ་ཐར་འགག་སྒྲོལ་གྱི་ཚར་གཅོད་ཀྱི་དམག་འཐབ་དང་སྤྱིའི་ཐག་གཅོད་དམག་འཐབ་བརྒྱག་དགོས།

    ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། གཅིག་ནས་རིམས་ནད་ཀྱི་ཤུགས་རྐྱེན་བསལ་ནས་འགག་སྒྲོལ་ལས་འགན་དུས་བཀག་ལྟར་མཐའ་གཅིག་ཏུ་ལེགས་འགྲུབ་ཡོང་བར་བྱ་དགོས་པ་དང་། གཉིས་ནས་གཙོ་གནད་ཀྱི་འགག་རྩ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བར་འགན་ལེན་བྱ་དགོས། གསུམ་ནས་ལས་རིགས་གཉིས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་ལས་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱ་དགོས། བཞི་ནས་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་དོན་འཁྱོལ་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་སྤུས་ཚད་ཕན་འབྲས་ཆེ་རུ་ཏན་ཏིག་གཏང་དགོས། ལྔ་ནས་གནད་དོན་དག་ཐེར་བཅོས་སྐྱོང་ལ་དམིགས་ནས་དབུལ་ཐར་འགག་སྒྲོལ་གྱི་ཞན་ཆ་ཁྱོན་ཡོངས་ནས་ཁ་གསབ་བྱ་དགོས། དྲུག་ནས་ཞིབ་བཤེར་དང་ཡོངས་ཁྱབ་ཞིབ་བཤེར་ལ་དམ་འཛིན་ཡག་པོ་བྱས་ནས་གཞི་གྲངས་ངོ་མ་གཏན་འཁེལ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ལ་འདེགས་སྐྱོར་བྱ་དགོས།།

  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ བྱེད་པའི་རྣམ་པ་མཚོན།
  • ལེ་ཚན་རྗེས་མ།:དུད་ཚང་དབུལ་ཕོངས་གསལ་དྭངས་ཚང་ཕྱུག་པོར་ཆགས་པའི་བསམ་དོན་འགྲུབ།
  • དོ་སྣང་ཆེ་བའི་རྩོམ།