ཨོ་ཐོག་ཡུལ་གྱི་སྦྲ་ནག་གི་སྐོར་ནས་རགས་ཙམ་བརྗོད་པ།

བེ་མདའ།        2020-04-28

     

ཨོ་ཐོག་ཡུལ་གྱི་སྦྲ་ནག་གི་སྐོར་ནས་རགས་ཙམ་བརྗོད་པ།

   དེ་ཡང་མཐོ་བོད་མཚོ་སྒང་དུ་ལོ་རྒྱུས་ཀྱི་དཔངས་མཐོ་ཞིང་།   ཤེས་རིག་གི་གཏིང་ཟབ་པའི་ཁ་བ་རི་པ་ཞེས་ཡོངས་སུ་གྲགས་པའི་མི་རིགས་འདི་ནི་གནའ་བོའི་མེས་པོ་བློ་གྲོས་དང་དཔའ་སྤོབས་ཅན་གྱི་སྐུ་རིང་ནས་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་རྒྱས་མྱོང་ལ།   ཞུམ་མེད་ཀྱི་དཔའ་སྙིང་བསྐྱེད་དེ་རང་ས་རང་ཡུལ་ནས་རང་གི་རིག་གནས་དང་འཇོན་ཐང་གོང་འཕེལ་གཏོང་བའི་མི་རིགས་ཤིག་ཀྱང་ཡིན།  འོ་ན་སྐབས་སུ་བབས་པའི་སྦྲ་ནག་གི་སྐོར་ནས་ཅུང་ཟད་གླེང་བ་བྱེད་པ།  སྦྲ་ནག་ནི་མཚོ་བོད་མཐོ་སྒང་སྤྱི་དང་ལྷག་པར་དུ་འབྲོག་པ་ཚོ་ལ་མེད་དུ་མི་རུང་བ་ཞིག་ཏུ་ཡིན་པས་འདི་ནི་ཧ་ཅང་དར་ཁྱབ་ཆེ་རུ་ཕྱིན་པས་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོ་ལ་ཡང་སྦྲ་ནག་གི་བཟོ་རྩལ་དང་སྦྲ་ནག་གི་བཤད་པ་སོགས་ཅུང་ཟད་མ་འདྲ་བ་མཆིས་ཀྱང་།  བདག་གིས་ཕ་ཡུལ་གྱི་སྦྲ་ནག་གི་བཟོ་རྩལ་དང་འབྲེལ་ནས་སྦྲ་ནག་གི་ལོ་རྒྱུས་སོགས་ཅུང་ཙམ་གླེང་བར་མོས།   དེ་ཡང་སྦྲ་ནག་ནི་གོང་ནས་སྨྲོས་པ་བཞིན་མདོ་དབུས་མཐོ་སྒང་དུ་ཤིན་ཏུ་དར་ཁྱབ་ཆེ་བ་དང་གནའ་དུས་ཀྱི་འབྲོག་མི་ཚོའི་འཚོ་བ་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་རེད།  གནའ་དུས་སུ་འབྲོག་པ་ཚོ་དབྱར་ཁ་ལ་དབྱར་མཚེར་དང་དགུན་ཁ་དང་སྟོན་ཁ་སོགས་ཀྱང་དེ་ལྟར་སྡོད་སའི་ས་མི་འདྲ་བས་སྦྲ་ནག་ནི་ནོར་ནག་གི་རྒྱབ་ཏུ་བཀལ་ནས་འགྲོ་ཆོག་པས་འབྲོག་པ་ཚོའི་འཚོ་བ་ལ་ཤིན་ཏུ་སྟབས་བདེ་བ་དང་ཆེས་ཆེ་བའི་དགོས་འཁོ་ཞིག་ཀྱང་སྐོང་ཡོད་འདུག  དེ་ཡང་སྦྲ་ནག་གི་རྒྱུ་ཆ་ནི་གཙོ་བོ་ནོར་ནག་གི་རྩིད་པ་དང་ཁུ་ལུ་གཉིས་ལས་གྲུབ་པ་ཞིག་ཡིན་ལ།  དབྱར་ཁ་ནོར་ནག་གི་རྩིད་པ་བྲེག་ནས་ཉར་ཚགས་བྱས་པ་དང་།  སྟོན་ཁའི་དུས་སུ་འཕང་འཁེལ་ནས་རེ་བ་བཟོ་བཞིན་ཡོད།  སྦྲ་ནག་བཙེམ་བཟོའི་དུས་ཚོད་ནི་སྟོན་མཇུག་དང་དཔྱིད་ཀ་གཉིས་སུ་ཕལ་ཆེར་ངེས།  སྦྲ་ནག་ལ་ཆེ་ཆུང་མང་པོ་ཡོད་ཀྱང་དབྱིབས་གཟུགས་ནི་རུས་སྦལ་གྱི་དབྱིབས་ལྟར་གཅིག་ཏུ་ངེས།  དེ་ནི་དབྱར་འཚེར་དང་དགུན་འཚེར་གྱི་ས་ཆ་གང་ཞིག་ཏུ་བསྡད་ན་ཡང་ས་དགྲ་སོགས་ཀྱི་གནོད་པ་མེད་པར་མཚོན་དོན་ཡོད་པ་དང་།   ད་དུང་སྦྲའི་ཆོན་ཆེན་བཞི་ཡང་སའི་སྲུང་བཞི་དང་།  ཕུག་ཆོན་དཀར་པོ་སའི་དམུ་ཐག་དང་སྒོ་ཆོན་དེ་ཡང་ཉི་ཟླ་ཤར་ལམ་གནམ་གྱི་དམུ་ཐག་ཅེས་དང་།   མཁལ་ཆོན་དྲུག་ནི་སའི་ལེགས་ཆ་དྲུག་དང་།   ནང་གི་ཀ་ར་བཞི་ནི་བསོད་ནམས་ཀྱི་ཀ་བཞི་ཞེས་བཤད་ལ།   དེ་ནི་རིགས་རྒྱུད་ལྷའི་ཀ་བ།   དབང་ཐང་གཉན་གྱི་ཀ་བ།  ཕྱྭ་གཡང་ཀླུའི་ཀ་བ།  མི་འགྱུར་གནམ་གྱི་ཀ་བ་དང་བཞི་ཞེས་བཤད།  ནང་དུ་བྲན་པའི་ཐག་བར་བཅུ་གཉིས་ཀྱིས་ལོ་སྐོར་བཅུ་གཉིས་མཚོན་པར་བཤད།   འདི་དག་ནི་རགས་རམ་ཙམ་ཞིག་བརྗོད་པ་ཡིན་པས་ད་དུང་དེ་ལས་རྒྱས་པའི་སྦྲ་ནག་གི་མཚོན་དོན་ཡོད་པ་ནི་སོམ་ཉི་གནང་མི་དགོས་པའི་གནས་ཤིག་ཏུ་འཁུམས།    དེ་ནས་སྦྲ་ནག་ནི་གསར་དུ་བཟོ་བ་དང་རྙིང་བ་ལ་བཙེམ་བཟོ་བྱེད་པ་གཉིས་གང་ཡིན་ན་ཡང་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཏུ་བརྩི་སྲོལ་འདུག   སྦྲ་ནག་རྙིང་བ་ལ་ལོ་རེ་རེ་ལ་ཡང་ངེས་པར་དུ་བཙེམ་བཟོ་ཐེངས་གཅིག་བྱེད་དགོས་འདུག   དེ་ནས་སྦྲ་ནག་གསར་པ་དང་རྙིང་པ་གང་ཞིག་བཙེམ་བཟོ་བྱས་ཟིན་པ་ཡིན་ན།  སྦྲ་དེ་ཕུབ་ཟིན་པ་དང་མཉམ་དུ་ནང་གི་ཀ་ར་དག་ལ་མར་བསྐུ་བ་དང་སྦྲ་མགོ་ལ་མར་བསྐུ་བ་སོགས་ནི་མེད་དུ་མི་རུང་བ་ཞིག་ཡིན་འདུག   དེ་ནས་བསངས་དུད་ཆུང་ཙམ་བྱས་པ་དང་ཨ་མྱེས་དང་ཨ་ཕ་གང་རུང་ནས་སྦྲ་ནག་ལ་བསྐོར་བ་རྒྱག་བཞིན(ཨོཾ་ཨཱ་ཧཱུཾཿ)ཞེས་ལན་གསུམ་བཏོན་པ་དང་དཀར་ཡོལ་ལམ་གང་ལྟར་སྣོད་གཙང་མ་ཞིག་གི་ནང་དུ་འོ་མ་དང་ཆུ་གང་རུང་བླུག་ནས་ཤུག་པའི་ལྡེབ་ལོ་གཅིག་ལག་ཏུ་བླངས་ནས་མཆོད་གསུམ་འཕེན་སྲོལ་ཡོད།   ད་དུང(རབ་ཡངས་མཁའ།  རབ་ཡངས་མཁའ།  རབ་ཡངས་མཁའ་ཨོཾ་ཨཱ་ཧཱུཾཿ)ཅེས་འདོན་སྲོལ་འདུག་ལ་ད་དུང་རྒན་རབས་པ་མང་པོས( ནང་དུ་གསེར་གྱི་ཀ་བ་མ་ཆག ཕྱི་རུ་དངུལ་གྱི་ཆོན་ཐག་མ་ཆད།  གུང་ཤིང་གཡུ་ཡི་གདུང་མ་མ་ལྷུང་།  མཐའ་བཞིའི་དུང་གི་ཕུར་བ་མ་འབུད།  ལྷས་ཁ་འཕྲག་དགོས། མཚེར་ཁ་དྲོ་དགོས་ཟེར། )བ་སོགས་བཤད་པ་མང་པོ་ཞིག་ཡོད་པར་གྲགས།   དེ་ནས་རྒན་གཞོན་ལྟར་སྦྲ་ནང་དུ་འཛུལ་བ་དང་ཕྱེ་མར་ལེགས་པོ་ཞིག་མཆོད་བཤམས་ཀྱི་ཚུལ་དང་རྟེན་འབྲེལ་གྱི་སླད་དུ་ཡར་ལོག་ཏུ་འཇོག་སྲོལ་འདུག  དེ་ནས་ཁྱིམ་འཚེས་དང་གཉེན་ཉེ་འབྲེལ་གྱི་དུད་སྡེ་སོ་སོ་ནས་ཁྱིམ་ཚང་དེ་རུ་ཕྱེ་མར་དང་འོ་ཇ་དང་ཇ་སྲུབ་མ་གང་རུང་རེ་ཟེའུ་ཡི་ནང་དུ་བླུག་ནས་སྐྱེལ་སྲོལ་འདུག  འདི་ནི་རྟེན་འབྲེལ་གྱི་ཚུལ་དུ་ཡིན་པ་འདྲ།   དུད་ཚང་དེ་ཉིད་ཀྱི་ལོ་གཅིག་གི་སྦྲ་ནག་བཙེམ་བཟོའི་ལས་ཀ་ཚར་སོང་དུས་ཧ་ཅང་བྱ་བ་ཆེན་པོ་ཞིག་འགྲུབ་སོང་བར་བརྩི་ཡི་འདུག  ད་དུང་སྦྲ་ནག་ནི་ནམ་ཟླ་གྲང་བའི་སྐབས་སུ་ཚགས་དམ་པོ་ཡོང་བས་གྲང་ངར་དེ་ཙམ་མེད་ལ།  ནམ་ཟླ་ཤིན་ཏུ་དྲོས་པའི་སྐབས་ཀྱང་ཚགས་ལྷོད་པོ་ཡོང་བས་ཤིན་ཏུ་བསིལ་བ་སོགས་ཁྱད་ཆོས་ཧ་ཅང་མང་།  ད་དུང་སྦྲ་ནག་དང་འབྲེལ་བའི་བོད་ཀྱི་རིག་གནས་ནི་ཧ་ཅང་མང་བས་བཤད་ནས་རྫོགས་ཐུབ་པ་ཞིག་མི་འདུག་ཀྱང་སྐབས་སུ་བབས་པའི་ཨོ་ཐོག་ཡུལ་གྱི་སྦྲ་ནག་གི་ངོ་སྤྲོད་རགས་བསྡུས་ཙམ་བྱས་པའོ།།


  • ལེ་ཚན་སྔོན་མ།:སྒེའུ་ཁུང་གི་ནག་རྩི།
  • ལེ་ཚན་རྗེས་མ།:གཡུ་ཁོག་ཡུལ་གྱི་རྡོ་བརྐོས་ལག་རྩལ།
  • དོ་སྣང་ཆེ་བའི་རྩོམ།