རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་ཐང་དཀར་མ།

བེ་མདའ།        2020-04-28

 

རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་ཐང་དཀར་མ།

དེ་ཡང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལས།

བྱ་དེ་ཁྲུང་ཁྲུང་དཀར་མོ།།   གཤོག་རྩལ་ང་ལ་གཡོར་དང་།།

ཐག་རིང་རྒྱང་ལ་མི་འགྲོ།།    ལི་ཐང་བསྐོར་ནས་སླེབས་ཡོང་།།

ཞེས་ལུང་བསྟན་དུ་གསུངས་པ་ལྟར་རྒྱལ་དབང་སྐུ་ཕྲེང་བདུན་པ་མཆོག་མདོ་ཁམས་ལི་ཐང་གི་གཟིམས་ཁང་ཚང་དུ་རྟགས་མཚན་ཁྱད་མཚར་བ་དུ་མ་དང་བཅས་སྐུ་འཁྲུངས་ཤིང་།  དབུས་སུ་ལྷ་བཟང་ཧན་སོགས་ནས་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཁྲི་ལས་ཕབ་རྗེས་སྐུ་ཕྲེང་དྲུག་པ་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ཞེས་པའི་གྲྭ་པ་དེ་ངོས་འཛིན་གནང་ཡོད་པས་མདོ་ཁམས་ལི་ཐང་དུ་རིན་པོ་ཆེ་གང་ཉིད་ཀྱི་ཡང་སྤྲུལ་འཁྲུངས་ཟིན་ཡོད་པས།   མདོ་སྟོད་སྨད་གང་སར་གཏམ་དེ་ཤིན་ཏུ་གྲགས་ཆེ་བར་སོང་ནས་དབུས་གཙང་ཕྱོགས་སུ་ཟང་ཟིང་ལོང་ལོང་དུ་གྱུར།   དེ་ནས་ལྷ་བཟང་ཧན་གྱིས་ཀྱང་མདོ་ཁམས་ལི་ཐང་གི་ཕྱོགས་སུ་དབུས་ལྷ་ས་ནས་དར་རྒྱས་དང་དགེ་འདུན་སྐྱབས་ཟེར་བ་དེ་གཉིས་བཏང་བར་ཐོས་པས།  དགེ་སྐྱོན་ཅི་ཡིན་ཆ་མ་འཚལ་བས་རྒྱལ་དབང་མཆོག་དགུང་གྲངས་བདུན་མ་གཏོགས་མ་སོན་ཡང་། མ་ཡུམ་མཆོག་དང་ལྷན་དུ་ལི་ཐང་ནས་ས་གཞན་དུ་བྲོས་བྱོལ་དུ་ཕེབས།   དེ་ནས་ཝ་ཤུལ་དཔོན་པོ་དུ་རལ་ཐའི་ཇིའི་ཚེར་སར་ཕེབས་པ་དང་།   ས་དེ་ནི་ཁྲ་ཆེན་ཐང་དཀར་མ་ཞེས་གྲགས་པའི་ས་ཆ་དེ་རེད།   ས་ཆ་འདིའི་མིང་ལ་ཐང་དཀར་མ་ཞེས་འབོད་པ་ཡང་རྒྱལ་དབང་གང་ཉིད་བྲོལ་བྱོལ་ལ་ཕེབས་སྐབས་མ་ཡུམ་མཆོག་དང་མཉམ་དུ་ས་གནས་འདི་རུ་འབྱོར་བ་དང་།   དེ་ནས་མ་ཡུམ་ལགས་ཟས་སློང་ལ་ཕྱིན་པ་དང་།   དུས་དེར་ཆར་བ་ཤིན་ཏུ་ཆེན་པོ་ཞིག་གློ་བུར་དུ་བབས་པས་མ་ཡུམ་ལགས་རིན་པོ་ཆེ་ཡོད་ས་དེར་མགྱོགས་མྱུར་ངང་མ་སླེབས་པས་རིན་པོ་ཆེ་སྐུ་ན་ཕྲ་བས་སེམས་ཁྲལ་ཤིན་ཏུ་ལྕི་སྒང་ལ་གནས་དེར་འབྱོར་དུས།  ཐང་དཀར་རྒོད་པོ་ཞིག་གི་གཤོག་པ་བརྐྱངས་ནས་རིན་པོ་ཆེ་དེ་ཡི་འོག་ཏུ་བཞུགས་ཡོད་པ་དང་ཆར་བ་རྡོག་པ་གཅིག་ཀྱང་སྐུའི་སྟེང་དུ་བབས་མེད་པར་བཤད།   དེ་བས་ས་འདིའི་མིང་ལ་ཐང་དཀར་མ་ཞེས་ཐོགས་པར་ས་ཆ་འདི་གའི་རྒན་གཞོན་ཀུན་གྱི་མགྲིན་ལམ་དུ་རླུང་ལྟར་གྲགས་པ་ཞིག་ཡིན་ལ།   ད་དུང་རིན་པོ་ཆེ་ཡི་རྣམ་ཐར་གཟུགས་རིས་སུ་བྲིས་པ་དང་བརྐོས་པ་དག་གི་ནང་དུ་གཏམ་རྒྱུད་དེ་ཉིད་དངོས་སུ་མཇལ་རྒྱུ་ཡོད།  གོང་གི་གཏམ་འདི་ནི་སྒྲུང་གཏམ་ཞིག་ཡིན་ཀྱང་དོན་དངོས་དང་རྩད་ནས་མ་འབྲེལ་བ་ཞིག་ནི་མིན་པར་སྙམ།   དེ་ཡང་རྣམ་ཐར་དཔག་བསམ་སྙེ་མ་ལས།   དེ་ནས་རིམ་གྱིས་ཝ་ཤུལ་དུ་རལ་ཐའི་ཇིའི་ཚེར་སར་ཕེབས།   དེར་གཟིམས་གུར་ཕུབ་པར་འདི་ན་དཀོན་མཆོག་གི་རྟེན་དང་ལྷ་ཁང་འདྲ་ནི་མི་འདུག་ཅེས་རེ་ཞིག་ཕེབས་མ་ཉན།   ནན་གྱིས་གསོལ་བ་བཏབ་པས་ཕེབས།  དེར་ཞག་བཅུ་གཉིས་བཞུགས་ཤིང་ཕྱོགས་དེའི་སྐྱེ་བོ་མཐའ་དག་དད་པའི་གཞིར་བཀོད།  ཅེས་གསུངས་པ་ལྟར་ཝ་ཤུལ་དུ་རལ་ཐའི་ཇིའི་ཞེས་པ་ནི་ཨོ་ཐོག་དཔོན་རབས་དང་པོ་སྟེ་བོད་མིང་དུ་བེ་རི་དཔོན་པོ་གདོང་ནག་པ་ཞེས་འབོད་པ་དེ་ཡིན།   འོ་ན།   ཅིའི་ཕྱིར་དུ་རལ་ཐའི་ཇིའི་ཞེས་འབོད་ཅེ་ན།  དེ་ནི་གནའ་དུས་རྒྱ་ནག་གི་ཆིན་རྒྱལ་རབས་ཀྱི་སྐབས་སུ་ཨོ་ཐོག་གི་འགོ་དཔོན་ལ་གོ་ཐོབ་སྤྲད་པའི་མིང་དེ་ཡིན་འདུག་ལ།  དེ་ནི་བོད་སྐད་དུ་བསྒྱུར་ན་ཡ་རབས་རྒྱལ་སྲས་ཞེས་པའི་དོན་ཡིན་པར་བཤད།   ཝ་ཤུལ་དུ་རལ་ཐའི་ཇིའི་ཚེར་སར་ཕེབས་ནས་ཡུན་རིང་དུ་བཞུགས་ཤིང་དེ་ནས་བི་རི་དཔོན་པོ་དུ་རལ་ཐའི་ཇིའི་དཔོན་གཡོག་འཁོར་དང་བཅས་པས་ཁྲོམ་ཐ་རྫིང་ཁུར་ཞེས་པའི་ས་དེར་སྐྱེལ་མ་བྱས།   དེ་ནས་སྡེ་དགེ་སོགས་སུ་ཕེབས་པ་སོགས་ཤིན་ཏུ་མང་ཡང་སྐབས་དོན་དང་དེ་ཙམ་འབྲེལ་མི་ཆེ་བས་མ་སྤྲོས་སོ། །དེས་ན་གོང་ནས་གླེང་བ་ལྟར་ཨོ་ཐོག་ཡུལ་གྱི་ཐང་དཀར་མ་ཞེས་པའི་ས་ཆ་འདི་དང་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་བར་གྱི་འབྲེལ་བ་ནི་སྤྱིར་བཏང་མ་ཡིན་པའི་དོན་དག་ཅིག་ཅི་ལ་མིན།   དེ་བས་གཏམ་རྒྱུད་དེ་དག་དང་འབྲེལ་ནས་ཤེས་པར་གལ་ཆེའོ།།


  • ལེ་ཚན་སྔོན་མ།:ཁམས་ཉག་ཆུ་རྫོང་གི་བེ་རི་ཨོ་ཐོག་དཔོན་རྒྱུད་དང་མགོ་ལོག་བར་གྱི་ལོ་རྒྱུས་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:མི་ཉག་རུ་ཡོང་བཟའ་དང་གཏེར་གནས་འབྲོང་རི་སྨུག་པོ།