ཁམས་ཉག་ཆུ་རྫོང་གི་བེ་རི་ཨོ་ཐོག་དཔོན་རྒྱུད་དང་མགོ་ལོག་བར་གྱི་ལོ་རྒྱུས་རགས་ཙམ་གླེང་བ།

འབའ་ཤེར་བློ་བཟང་ཟླ་བ།        2020-04-28

    

ཁམས་ཉག་ཆུ་རྫོང་གི་བེ་རི་ཨོ་ཐོག་དཔོན་རྒྱུད་དང་མགོ་ལོག་བར་གྱི་ལོ་རྒྱུས་རགས་ཙམ་གླེང་བ།

  བེ་རི་ཞེས་པའི་མིང་དེ་ནི་བོད་ཀྱི་རུས་ཆེན་བཞི་ལས་ལྡོང་རིགས་དང་ཨོ་ཐོག་ཅེས་པ་ནི་སོག་སྐད་ཀྱི་འབྲོག་པ་ཞེས་པའི་ཐ་སྙད་ཡིན། མགོ་ལོག་པའི་རུས་རྒྱུད་ནི་བོད་ཀྱི་རུས་ཆེན་བཞི་ལས་ཨ་ལྕགས་འབྲི་ཡི་རིགས་རྒྱུད་ཡིན་པ་ཤེས་དགོས། དེ་ཡང་བེ་རི་བ་ཞེས་པ་ནི་བོད་ཡུལ་གངས་ཅན་དུ་མིང་གྲགས་ཆེ་བའི་དཔོན་རྒྱུད་དང་ཡུལ་སྡེ་ཞིག་ཡིན། དཔེར་ན། སྤྱི་ལོ1243ཡར་མར་ཞིག་ལ་ས་སྐྱ་པཎ་ཆེན་ཧོར་ཡུལ་དུ་ཕེབས་སྐབས་བེ་རི་དཔོན་པོ་མཉམ་དུ་ཡོད་ཅིང་། བྱང་ཕྱོགས་སོག་རྒྱལ་གོ་དན་གྱིས་ཧ་ཅང་མཐོང་ཆེན་བྱས་ཤིང་གངས་ཅན་བོད་པ་སྤྱི་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་ཚུལ་ས་པཎ་སྤྲིངས་ཡིག་ཏུ་གསལ།   དེ་ཡང་རྒྱ་ནག་གི་ལོ་རྒྱུས་ཡོན་གོང་མའི་དཔོན་རིགས་དཀར་ཆག་ཅེས་པའི་ནང་དུ། མདོ་ཁམས་ཁྲི་སྐོར་བདུན་ཟེར་བ་ཡོད་པ་དང་། དེའི་ནང་ནས་བི་རི་ཁྲི་དཔོན་ཟེར་བ་དེ་འདན་ཁོག་བི་རི་རྒྱལ་བོ་ཡིན་པར་གྲགས། ཡིན་ན་ཡང་ས་པཎ་གྱི་ཕྱག་རོགས་ལ་ཕེབས་མཁན།  དེའི་ཐད་ལ་མདོ་ཁམས་བེ་རི་དང་མཚོ་སྔོན་བེ་རི་གཉིས་གང་ཡིན་བཤད་ཚུལ་མི་མཐུན་པ་གཉིས་ཡོད་ན་ཡང་མདོ་ཁམས་བེ་རི་ཡིན་པ་ལོ་རྒྱུས་ཀྱི་དཔང་རྟགས་གསལ།  སྤྱི་ལོ1639ལོར་སོག་དམག་གིས་བེ་རིའི་ཡུལ་སྡེ་དང་མཁར་རྫོང་བཅོམ་ཞིང་དོན་ཡོད་རྒྱལ་རྐྱེན་ལམ་དུ་བཏང་།སྐབས་དེ་དུས་བེ་རིའི་རྒྱལ་སྲས་སྟོབས་རྒྱལ་གྱིས་བེ་རི་མི་བརྒྱ་རྟ་བརྒྱ་ཁྲིད་ནས་ཡུལ་བྱོལ་དུ་ཆས་ནས། ཁམས་ལྷོ་ལི་ཐང་དུ་གཞིས་ཆགས་ཤིང་མགོ་ལོག་འཇང་བཟའ་ཟེར་བའི་དཔོན་རྒྱུད་བུ་མོ་ཞིག་དང་གཉེན་སྒྲིག་བྱས་པས།  དེའི་མི་རབས་ཕྱི་མ་ལ་འཇང་རྒྱུད་བེ་རི་ཞེས་པའི་ཐ་སྙད་ཆགས། སྤྱིར་བཏང་བེ་རི་ཨོ་ཐོག་གི་དཔོན་རྒྱུད་ཐོག་མར་བྱུང་ས་ནི། གླིང་ཚ་ཞང་འདན་མའི་ཕ་ཡུལ་འདན་ཆོས་འཁོར་ཡུལ་གྱི་བེ་རི་རྒྱལ་བོའི་གདུང་རྒྱུད་དྭངས་མ་ཡིན།།

     ཨོ་ཐོག་ཅེས་པའི་མིང་གི་འབྱུང་གཞི་དང་ལོ་རྒྱུས་ནི་སྤྱིར་བཏང་ཁལ་ཁ་ཚོ་བ་བདུན་གྱི་ནང་ཚན་ཨུ་ཏུ་སུའི་ས་ཆའི་སོག་པོ་གཡས་རུའི་ཚོ་སྡེ་ཞིག་གི་མིང་ཡིན་པ་དང་།  དེ་ཡང་མིང་གི་འབྱུང་ཁུངས་ཙམ་མ་གཏོགས།    དོན་ལ་ཨོ་ཐོག་གི་རུས་རྒྱུད་དེ་བོད་ཀྱི་རུས་ཆེན་བཞིའི་རྒྱུད་པ་དང་།    གཙོ་བོ་ཕུ་བོ་ལྡོང་ལས་གྱེས་པའི་དབལ་ཤུལ་གྱི་རིགས་རྒྱུད་མང་ཞིང་།   དེའི་ནང་དུ་བྱང་ཕྱོགས་བོད་སོག་གཉིས་ཀྱི་དར་རྒུད་འཕོ་འགྱུར་ཁྲོད།  མེས་པོ་བོད་སོག་གི་རྒྱུད་པ་གཉིས་ཕན་ཚུན་འདྲེས་ནས་ཡོད་པའི་མི་རྒྱུད་ཀྱང་ཡོད་ཅེས་ཟེར།   དེ་ཡང་བེ་རི་བ་དང་ཨོ་ཐོག་གཉིས་དེ་ཁམས་ལྷོ་རྒྱུད་ཕྱོགས་སུ་གནས་སྤར་དགོས་པའི་རྒྱུ་རྐྱེན་དང་དུས་ཚོད་གཅིག་ན་ཡང་།   དཔོན་དང་ཡུལ་སྡེ་ཐ་དད་དུ་ཡོད་པ་ཞིག་ཡིན།བེ་རི་བ་ལི་ཆུའི་འགྲམ་བརྒྱུད་ཀྱི་ཉིན་ངོས་ཕྱོགས་སུ་ཐོག་མར་གནས་ཆགས་ས་དེ་ལ་བེ་རི་སྐས་ཆེན་མ་ཟེར་ཞིང་།   ཨོ་ཐོག་དེ་འབུམ་ཡག་ལི་ཆུའི་སྲིབ་ངོས་ཀྱི་འཇང་གི་ཁ་ཤ་སྨུག་རིའི་འདབས་སུ།  འབྲོག་སྦྲ་ནག་གི་གནས་གཞིར་བཟུང་ནས་འཚོ་བ་རོལ་ཞིང་།  འཇང་གི་ཁ་ཤ་སྨུག་རི་ལ་སོག་རི་གནམ་ལྕགས་ཁྲ་མོ་ཞེས་མིང་དེ་བསྒྱུར་བ་ཡིན་ཟེར།ཨོ་ཐོག་དེ་ཡང་དང་བོར་བྱང་ནས་ཁམས་ལྷོ་རྒྱུད་ཕྱོགས་ལ་འོངས་དུས།   ལམ་བར་ནས་ཚོ་སྡེ་ཞིག་རྫ་ཆུ་ཁ་ནས་བྱང་ནག་ཆུ་ཁར་སོང་བ་ལ་ནག་ཆུ་ཨོ་ཐོག་ཟེར་བ་དང་དེ་གཉིས་སྡེ་རྒྱུད་གཅིག་ཡིན་ཟེར།སྤྱིར་བཏང་ཉག་ཆུ་རྫོང་གི་ཨོ་ཐོག་འབྲོག་སྡེ་ཚང་དེ། ཐོག་མར་ལི་ཐང་ལ་འོང་དུས་དབལ་ཤུལ་དཔོན་ཚང་ཟེར་བ་ཞིག་ཡོད་ཀྱང་།ཉམས་རྒུད་དུ་སོང་ནས་བུ་སྨད་མ་བུ་ཞིག་ལས་མེད་པར་གྱུར།དུས་དེར་དབལ་ཤུལ་དཔོན་ཚང་སྐོར་བ་དང་ཨོ་ཐོག་ཁ་གྱ་སྐོར་བ་གཉིས་མ་མཐུན་པས་ཕྱོཊ་གཉིས་སུ་གྱེས།སྐབས་དེར་ཉག་རོང་ལྕགས་མདུད་དཔོན་གྱི་གཉེན་ཚན་དུ་གྱུར་བ་རི་ནུབ་བྱིས་ཚལ་བརྒྱ་དཔོན་གྱིས་གྱོད་གཞི་བར་འདུམ་བྱས།  དབལ་ཤུལ་དཔོན་ཚང་སྐོར་བ་ཁྱིམ་ཚང་ལྔ་བཅུ་ལོགས་སུ་ཆད་པ་ལ་ལྔ་བཅུ་སྡེ་བ་ཞེས་གྲངས་ཀའི་མིང་དེ་སྡེ་མིང་དུ་ཆགས།  ཨོ་ཐོག་ཁྱིམ་ཚང་དྲུག་ཅུ་ལ་དངུལ་གྱི་ཐམ་ག་སྤྲད་ནས་འཇང་རྒྱུད་བེ་རི་ཚང་དང་སྡེ་བ་གཅིག་ཏུ་བསྒྲིལ།  ལི་ཐང་ཡུལ་གྱི་བེ་རིའི་རྒྱལ་རྒྱུད་དཔོན་རབས་གསུམ་པ་གདོང་ནག་པ་དེ།  བེ་རི་ཨོ་ཐོག་གཉིས་ཀྱི་དཔོན་རབས་དང་བོར་གྱུར་བར་མ་ཟད།  མགོ་ལོག་འཇང་བཟའ་མའི་གཉེན་ཚན་རིགས་རྒྱུད་སོགས་ཀྱི་སྟོབས་ཤུགས་རྒྱབ་སྐྱོར་འོག་མགོ་ལོག་ཡུལ་སྡེ་དག་ཀྱང་བེ་རི་ཨོ་ཐོག་དཔོན་གྱིས་དབང་དུ་བསྒྱུར།   དེ་ནས་བཟུང་སྟེ་ཁམས་ཀྱི་ལི་ཐང་ཡུལ་དུ་བེ་རི་ཨོ་ཐོག་སོག་པོ་འམ་གསུམ་པོ་ཟེར་བའི་དཔོན་སྡེ་གྲགས་ཅན་ཞིག་ཏུ་གྱུར། མགོ་ལོག་འཇང་བཟའ་ཟེར་བ་དེ་ནི་ལི་ཐང་སྡེ་བ་དར་རྒོད་དཔོན་གྱི་གཉེན་ཚན་ཡིན་པ་དང་འཇང་ཕྲུག་གཡུ་ལྷ་དཔོན་གྱི་རིགས་རྒྱུད་ཀྱང་ཡིན་ཟེར།  སྤྱིར་བཏང་ཁམས་ལྷོ་རྒྱུད་ཀྱི་མགོ་ལོག་ཡུལ་སྡེ་ནི་སྟོད་ཀྱི་དབུས་གཙང་མན་ཆད་ལ་སྟོབས་འབྱོར་གྲཊ་སྙན་གྱིས་ཁྱབ་མྱོང་བའི་མི་སྣ་གྲགས་ཅན་གྱི་ཕ་ས་དྭངས་མ་ཡིན་པ་དང་།  སྤྱིར་བཏང་མགོ་ལོག་ཅེས་པའི་མིང་དེ་གནའ་རབས་སུ་ཡོད་དེ། ཏུན་ཧོང་ཡིག་རྙིང་སོགས་ལས་ཀྱང་རྒྱ་ནག་དང་འཐབ་ཚུལ་གྱི་ལོ་རྒྱུས་ཡོད།  གཞན་ཡང་ལི་ཐང་མགོ་ལོག་ཡུལ་ནས་མི་རྗེ་བྲན་ཁོལ་ཁྱིམ་བཅུ་བཅས་བར་ཁམས་གླིང་གི་ས་ཆར་འབྲི་ལུང་གི་ཉིན་ཕྱོགས།  འཛི་འགུ་ཁོ་ལུང་བར་གཞིས་ཆགས་ཚུལ་དང་ཕྱིས་སུ་གླིང་རྗེ་ཐུགས་ལ་མ་བབས་པས་སླར་ཡང་ཡུལ་སྤོས་ནས།   མདོ་སྨད་མགོ་ལོག་ཡུལ་དུ་གཞིས་ཆགས་ཚུལ་སོགས་གནའ་རབས་ཡིག་རྙིང་དག་ན་ཧ་ཅང་གསལ།  དེང་སང་རང་རེའི་ཉག་ཆུ་རྫོང་གི་ཨོ་ཐོག་མགོ་ལོག་སོགས་ཀྱི་ས་ཆ་དག་ནི། གནའ་རབས་སུ་ཨ་ལྕགས་འབྲི་ཡི་རིགས་རྒྱུད་མགོ་ལོག་གི་ཕ་ས་ཕ་གཞིས་འཁྲུལ་མེད་ཡིན་པ་དང་།  དེ་ཡང་ཨོ་ཐོག་མགོ་ལོག་སོགས་མཉམ་དུ་དབང་སྒྱུར་མཁན་གྱི་དཔོན་རབས་དང་བོ། བེ་རི་གདོང་ནག་པ་ཟེར་ཞིང་དེ་ལ་རྒྱ་སྐད་དུ། དུ་རལ་ཐའི་ཇའི་ཟེར་བ་དང་བོད་སྐད་དུ་ཡ་རབས་རྒྱལ་སྲས་ཞེས་པའི་དོན་ཡིན་ཟེར། སྤྱི་ལོ1726དང་1729ལོར་རིམ་བཞིན་རྒྱ་ནག་གི་གོ་མིང་ཐོབ་ཡོད་པ་རྒྱའི་ཡིག་རིགས་ཁག་ཏུ་གསལ།

ཁམས་ཉག་ཆུ་རྫོང་གི་བེ་རི་ཨོ་ཐོག་དཔོན་རྒྱུད་དང་མགོ་ལོག་བར་གྱི་ལོ་རྒྱུས་རགས་ཙམ་གླེང་བ།

     བེ་རི་ཨོ་ཐོག་དཔོན་པོ་དུ་རལ་ཐའི་ཇའི་དང་ཨོ་ཐོག་འགོ་བ་དགེ་འདུན་ནམ་མཁའ་གཉིས་ནི།སྐབས་དེ་དུས་ཁམས་ཀྱི་ལི་ཐང་ཡུལ་དུ་མི་སྣ་གྲགས་ཅན་ཞིག་ཡིན་པ་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་རྒྱལ་མཆོག་བདུན་པའི་རྣམ་ཐར་དུ་གསལ།  དཔོན་དེ་ཡང་བེ་རི་ཨོ་ཐོག་གི་དཔོན་རབས་དང་བོ།བེ་རི་གདོང་ནག་པ།  མིང་གཞན་ལ་དུ་རལ་ཐའི་ཇིའི།དཔོན་རབས་གཉིས་པ་ཞལ་དཀར་བ།དཔོན་རབས་གསུམ་པ་ལྷ་དབང་རིག་འཛིན།  དཔོན་རབས་བཞི་བ་སྐལ་བཟང་ཚེ་རིང་།དཔོན་དེའི་རིང་ལ་གྱོང་སྡེ་ཨོ་ཐོག་གཉིས་ཀྱི་དཔོན་ས་མཉམ་དུ་འཛིན་འདོད་བྱས་ཀྱང་།  མཐར་ལམ་སློང་མ་བྱུང་ཡང་གྱོང་པའི་མི་ཁྱིམ་མང་ཙམ་ཨོ་ཐོག་གི་སྡེ་རུ་གྱུར།  དཔོན་རབས་ལྔ་བ་དོན་འགྲུབ་ཟླ་བ།དཔོན་རབས་དྲུག་པ་ཨོ་ཐོག་སྟོང་དཔོན་མི་དབང་འཕྲིན་ལས་མཐར་ཕྱིན་ཟེར། དེ་ལ་སྤྱི་ལོ1913ལོར་ཉག་ཆུ་རྫོང་ནུབ་ལམ་ཡོངས་ཀྱི་ཙུང་པོ་ཀྲིན་ཞེས་པའི་གོ་མིང་ཐོབ།  མི་དབང་འཕྲིན་ལས་མཐར་ཕྱིན་གྱིས་ཉག་ཆུའི་གྲུ་ཟམ་ནུབ་རྒྱུད་དང་། ལི་ཐང་ཆོས་རྫོང་གི་ཤར་རྒྱུད་མན་ཆད་ཀྱི་དབལ་རོང་ཡུལ་སྡེ་ཕལ་ཆེར་དབང་དུ་བསྒྱུར། དཔོན་རབས་བདུན་པ་མི་རྗེ་ཆོས་སྐྱོང་རྣམ་རྒྱལ་ཟེར་ཞིང་། དེ་ནི་སྤྱི་ལོ1927ལོར་ཚོང་ཞིས་ཐོའུ་ཟི་ཆོས་སྐྱོང་རྣམ་རྒྱལ་ལ་ཉག་ཆུ་རྫོང་ཐོན་འོས་ཏོའུ་ཁྲ་ཀྲམ་ཞེས་པའི་གོ་མིང་དང་།  སྤྱི་ལོ1931ལོར་མགོ་ལོག་དང་ཚོང་ཞིས་ཉག་ཆུ་ཞ་དོའུ་སོགས་ཀྱི་ཏོན་ཙུང་ཨ་ཆོས་ཞེས་པའི་གོ་མིང་ཐོབ།  སྤྱི་ལོ1950ལོའི་ཟླ4བའི་ཚེས23ཉིན་ཉག་ཆུ་རྫོང་གི་རྫོང་དཔོན་དུ་བསྐོས། མི་ཉག་གདོང་ཉག་དཔོན་རྡོ་རྗེ་བཀྲ་ཤིས་རྫོང་དཔོན་གཞོན་པ་དང་།གཞན་མི་དམངས་སྲིད་གཞུང་གི་འཐུས་མི་ཉི་ཤུ་རྩ་གཉིས་བདམས་བསྐོས་བྱས། སྤྱི་ལོ1951ལོར་ཉག་ཆུ་རྫོང་གྲོས་ཚོགས་ཁང་གི་ཀྲུའུ་ཞི་ལ་བསྐོས། ལོ་དེའི་ནང་ཨ་ཆོས་སླར་ཡང་རྫོང་དཔོན་དུ་བདམས་བསྐོས་བྱས་ཤིང་། ལོ་དེའི་ཟླ8པར་རྒྱལ་ས་པེ་ཅིན་དུ་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་མཆོག་ལ་མཇལ་འཕྲད་དང་གཟིགས་སྐོར་གྲུབ་ནས་རང་ཡུལ་དུ་ཕེབས། རང་སྡེ་དབལ་རོང་ཡོངས་ལ་མི་རིགས་འདྲ་མཉམ་གྱི་ལས་དོན་མྱུར་དུ་བསྒྲུབ་རྒྱུའི་བཀའ་སློབ་གནང་ཞིང་། མི་མང་གིས་དཔོན་ཚང་ལ་དགོས་པའི་བུན་ལོན་རྣམས་མི་དགོས་པར་བྱས་ཤིང་རྩིས་ཐོ་མེ་ལ་བསྲེཊ།དཔོན་ཚང་རང་གི་བླ་གྲྭ་དང་མི་རྒན་ནང་མི་དེ་དག་གནས་སྐབས་དབུས་ལྷ་ས་ནས་འཚོ་བ་རོལ་རྒྱུ་དང་། སྲས་པོ་བློ་བཟང་བསྟན་སྐྱོང་དང་ཐུབ་བསྟན་རབ་རྒྱས་གཉིས་བཅིངས་གྲོལ་དམག་ནང་དུ་མངག་རྒྱུ་བྱས།  ཁོ་རང་གིས་སྤུན་ཆུང་ལྷུན་འགྲུབ་རྒྱལ་མཚན་ཕྱག་རོགས་སུ་ཁྲིད་ནས་ཉག་ཆུ་རྫོང་གི་གསར་བརྗེ་ལས་དོན་བསྒྲུབ་རྒྱུའི་འཆར་འགོད་མཛད།  སྐབས་དེ་དུས་ཉག་ཆུ་རྫོང་གི་རྫོང་དཔོན་མི་རྗེ་ཆོས་སྐྱོང་རྣམ་རྒྱལ་ནི་དཀར་མཛེས་རང་སྐྱོང་ཁུལ་དུ། དུས་རབས་ཀྱི་འགྱུར་ལྡོག་ཆེན་མོ་ལ་རྒྱང་ལྟ་ཐུབ་ཅིང་། ཏང་དང་རྒྱལ་ཁབ་རང་རིགས་དང་བཅས་པ་ལ་མཛད་རྗེས་ཕུལ་དུ་བྱུང་བའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་ན་ཡང་། སྟབས་མ་ལེགས་པར་གློ་བུར་དུ་སྙུང་གཞི་ཚབས་ཆེན་བཞེས་པས་སྐུ་ཁམས་ཟུངས་ཟད་དུ་གྱུར་ཅིང་། སྤྱི་ལོ1952ལོར་དགུང་གྲངས58ཐོག་སྐུ་གཤེགས་པ་དང་དར་མདོ་ནས་མྱ་ངན་གྱི་ཚོགས་ཆེན་འཚོགས། སྤྱི་ལོ1953ལོར་ལྷ་སྲས་བློ་བཟང་བསྟན་སྐྱོང་ཡབ་ཆེན་འདས་པོ་མཆོག་གི་ཐོབ་ཐང་བཞིན་ཉག་ཆུ་རྫོང་གི་རྫོང་དཔོན་དུ་བསྐོས། འོན་ཀྱང་ཁུ་དབོན་སྲིད་ཁྲིའི་ཐད་ལ་མ་འཆམ་པས་ཨོ་ཐོག་སྟོད་སྨད་གཉིས་སུ་གྱེས་ཤིང་། དཔོན་རབས་བརྒྱད་པ་དེ་ཡང་མི་དབང་ལྷུན་འགྲུབ་རྒྱལ་མཚན་དང་ལྷ་སྲས་བློ་བཟང་བསྟན་སྐྱོང་གཉིས་ཡིན་པ་དང་།དེ་ནས་ཡུན་མ་རིང་བར་རྒྱལ་ནང་གསར་བརྗེ་དབང་གིས་བེ་རི་ཨོ་ཐོག་དཔོན་རབས་ཀྱི་མཇུག་ཀྱང་རྫོགས་སོང་བ་ཡིན་ཞེས། ཨོ་ཐོག་འབའ་ཤེར་བློ་བཟང་ཟླ་བ་ནས་ཨོ་ཐོག་མགོ་ལོག་སོགས་ཀྱི་ལོ་རྒྱུས་རགས་ཙམ་ངོ་སྤྲོད་བྱས་པའོ།།


  • ལེ་ཚན་སྔོན་མ།: ཁམས་ཉག་ཆུ་རྫོང་གི་བེ་རི་ཨོ་ཐོག་དཔོན་རྒྱུད་དང་མགོ་ལོག་བར་གྱི་ལོ་རྒྱུས་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་ཐང་དཀར་མ།