གནའ་དེང་གི་བོད་ཀྱི་སློབ་གསོའི་སྐོར་གླེང་བ།

རྡོ་རྗེ་སྒྲོལ་མ།        2020-04-27

   གཅིག བོད་ཀྱི་གནའ་དེང་གི་སློབ་གྲྭའི་སྐོར་གླེང་བ།

    སྔོན་ཆད་སློབ་གྲྭ་ཞེས་དམིགས་བསལ་གྱི་ཁང་བ་སོགས་ཅི་ཡང་མེད་མོད།འོན་ཀྱང་ཤེས་རིག་ཡོན་ཏན་ལ་སློབ་འདོད་ཀྱི་སློབ་བུ་ཚོས་རང་རང་གི་དབེན་གནས་དང་བྲག་ཕུག་ནས་དཔེ་ཀློག་མཛད་ལ།དེ་དག་ནས་རང་རང་གི་སློབ་དཔོན་ཡང་བཙལ་བ་རེད།འོན་ཀྱང་རྗེས་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ཤེས་ཡོན་པ་སྐྱེད་བསྲིངས་བྱེད་ས་ནི་དགོན་སྡེ་ཁོ་ན་ལས་མེད་སྟབས།སྔོན་བྱོན་མཁས་དབང་མང་ཤོས་ཡང་དགོན་པ་ནས་ཤེས་རིག་གི་ནར་སོན་པ་ཤ་སྟག་ཡིན།

    སྐབས་དེར་ཁོར་ཡུག་ལྷིང་ཞིང་འཇགས་པས་དུས་རབས་འདི་དང་གཏན་ནས་མི་འདྲ།དེང་སང་ནི་རྒྱལ་ཁབ་རིམ་པའི་སློབ་གྲྭ་མང་ནའང་།དེ་ཚོ་ནི་གྲོང་དང་གྲོང་རྡུལ་ན་ཡོད་པས།མི་ཚོགས་མོད་ལ།སློབ་སྦྱོང་གིས་བྱིས་པ་དག་ལ་གཅིག་ནས་ལྟ་རྒྱ་མཐོང་རྒྱ་མཐོར་འདེགས་སུ་གཏོང་སྲིད་ནའང་།ཅིག་ཤོས་ནས་རྣམ་གཡེང་དང་ལེ་ལོ་ཡིས་ཁོར་ཡུག་ཅིག་ངང་གིས་ཆགས་པས།སློབ་སྦྱོང་ལ་བཀག་རྡོ་ལྟ་བུར་གྱུར་ཡོད།

   དེའི་ཕྱིར་ཟང་ཟིང་གི་ཁོར་ཡུག་འདིར་རིག་གནས་ཀྱི་མཁའ་དབུགས་གཙང་ཞིང་ལྷད་མེད་ཅིག་རྒྱུ་མིན་ས་དེ་གའི་དགེ་སློབ་ཡོངས་ལ་རག་ལས་པས།དགེ་རྒན་གྱི་ཚད་ལྡན་དང་ཡང་དག་གི་བསླབ་བྱས་ན་ཆུང་སློབ་མ་དག་གི་སེམས་ལ་སྨྲ་བསམ་བརྗོད་འདས་ཀྱི་བག་ཆགས་བཞག་ནས།ཡ་རབས་ཚུལ་ལྡན་གྱི་མི་དག་མ་ཞིག་ཏུ་འགྱུར་བར་རེ་བས་བརྩོན་དགོས།

གཉིས། བོད་ཀྱི་གནའ་དེང་གི་དགེ་རྒན་གྱི་སྐོར་གླེང་བ།

    མཁན་ཆེན་འཇིགས་ཕུན་སོགས་སྐྱེ་ཆེན་མང་བོ་ཞིག་གིས་ལོ་ཟླ་ཞག་བརྒྱུད་ཀྱིས་བོད་རིག་པའི་དགོངས་དོན་ལ་འབད་པ་ལྷུར་ལེན་བྱས་ནས་དེང་དུས་ཀྱི་སྐད་དུ་བཤད་ན་ཆེད་ལས་རང་བཞིན་དུ་གྱུར་རྗེས།ད་གཟོད་སློབ་ཡོན་དང་ཟླ་ཕོགས་སོགས་མི་དགོས་པར་ལྷག་བསམ་ཟོལ་མེད་ཀྱིས་སློབ་མ་ཁྲི་སྟོང་མང་པོ་བསྐྱངས་བ་ནི་བོད་ཀྱི་སློབ་གསོའི་སྙིང་བོར་བྱམས་བརྩེ་ཞུགས་པའི་སྟབས་ཀྱིས་ཡིན་ལ།བོད་ཀྱི་སློབ་གསོ་ནི་བྱམས་དང་སྙིང་རྗེ།གཞན་ཕན་ལྷག་བསམ་གྱིས་ཡོངས་སུ་དཀྲིས་པའི་སློབ་གསོ་ཞིག་ཡིན་པས།འདིའི་རྣམ་པ་ཀུན་ཏུ་རང་ལས་གཞན་གཅེས་ཀྱི་བསམ་བློའི་སྟོབས་ཤུགས་ཤིག་མངོན་ཀྱིན་ཡོད།

   འོ་ན་དེང་དུས་ནི་ཆེད་ལས་རང་བཞིན་གྱི་དགེ་རྒན་དཀོན་ལ།ལྷག་བསམ་དང་ཤེས་ཡོན་དབེན་པའི་དགེ་རྒན་དག་ལ་དོ་མི་མཉམ་པའི་སློབ་མ་དག་གི་ཤེས་ཡོན་གྱིས་མགོ་རྨོངས་བར་བསྒྱུར་བའང་ཁག་ཅི་ཡོད།

   ང་ཚོས་གནད་དོན་འདི་དག་སེལ་དགོས་ན།ཐོག་མར་ལྷག་བསམ་གྱིས་ཐུགས་རྒྱུད་ཕྱུག་ཅིང་སློབ་གསོའི་ལས་གནས་ལ་དགའ་དད་མོས་པས་འཇུག་མཁན་གྱི་ཆེད་ལས་མི་སྣ་དག་བསྐྱེད་བསྲིངས་བྱ་དགོས།དེ་མིན་དེང་སང་གི་ལུགས་ལྟར་ཟླ་ཕོགས་ཁོ་ནའི་ཆེད་དུ་བརྒྱུགས་པ་ལས་ལས་དོན་ལ་དགའ་མོས་ཅི་ཡང་མེད་ན་དེ་ནི་སློབ་གསོའི་ལག་དམར་དུ་འགྱུར་ཧ་ཅང་སླ།

   གང་ལྟར་མ་དག་རྒྱུན་འབྱམས་སུ་སོང་བའི་འགྲོ་ལུགས་འདིའི་ལམ་སྲོལ་ལ་ཞུགས་དགོས་ཚེ་རྣམ་པ་ཀུན་ཏུ་ལས་གནས་ལ་དགའ་མིན་གང་རུང་ཡང་དགེ་རྒན་ཚོས་ལྷག་བསམ་ངང་ནས་སློབ་མ་གསོ་སྐྱོང་ལ་འབད་པ་ལྷུར་ལེན་བྱེད་དགོས།དེ་ལྟར་བྱས་ན་ཕན་ཆེན་མ་ཐོགས་ཀྱང་གནོད་ཆེན་མི་འབྱུང་ངོ་།།

གསུམ། བོད་ཀྱི་གནའ་དེང་གི་སློབ་མའི་སྐོར་གླེང་བ།

    དེ་ཡང་གནའ་དེང་གི་སློབ་མར་ཁྱད་པར་ཤིན་ཏུ་ཆེ་སྟེ།སྔོན་གྱི་སློབ་མ་རྣམས་ནི་བརྩོན་འགྲུས་ཆེ་ཞིང་བློ་རིག་བཀྲ་བ་ཤ་སྟག་ཡིན་ལ།དགེ་རྒན་ཞིག་གི་སློབ་མ་གང་བསྡུ་བའི་གནས་སྐབས་སུའང་ཆ་རྐྱེན་མང་ཙམ་འཛོམས་དགོས་ཏེ།མདོ་ཏིང་ངེ་འཛིན་རྒྱལ་བོ་ལས།ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར།།གལ་ཏེ་ཁྱོད་ལ་གསོལ་འདེབས་ན།།རབ་རྒྱས་བདག་གིས་མ་བསླབས་ཞེས།།ཐོག་མར་ཚིག་དེ་བརྗོད་པར་བྱ།།ཁྱོད་ནི་ཤེས་ཤིང་མཁས་ཡིན་ན།།བདག་ཉིད་ཆེན་པོའི་མདུན་དུ་ནི།།བདག་གིས་ཇི་ལྟར་བཤད་ནུས་ཞེས།།ཁྱོད་ཀྱིས་དེ་སྐད་བརྗོད་པར་བྱ།།འཕྲལ་དུ་བརྗོད་པར་མི་བྱ་ཡི།།སྣོད་ལ་བརྟག་པ་བྱས་ནས་བྱ།།གལ་ཏེ་སྣོད་ནི་ཤེས་གྱུར་ན།།གསོལ་མ་བཏབ་ཀྱང་བཤད་པར་བྱ།།སོགས་སློབ་མར་བརྟག་དཔྱད་ཞིབ་མོ་མཛད་རྗེས་ད་གཟོད་ཆ་རྐྱེན་ལྡན་ན་རང་གི་སློབ་མ་བསྡུ་བ་རེད།

   འོན་ཀྱང་དེང་སང་འུ་ཅག་གཞུང་བཙུགས་སློབ་གྲྭའི་དགེ་རྒན་དག་ལ་དེ་འདྲའི་གོ་སྐབས་མེད་ལ།སློབ་མས་དགེ་རྒན་བརྟག་པ་དང་དགེ་རྒན་གྱིས་སློབ་མ་བརྟགས་ནས་རང་མོས་ངང་ཁྲིད་པ་དང་བསླབ་པ་ཞིག་གཏན་ནས་མིན་ཕྱིར།སྣོད་དུ་རུང་མིན་གང་རུང་ཡང་འཛིན་གྲྭར་ཞུགས་ཡོད་པས།དེང་དུས་ཀྱི་དགེ་རྒན་ནི་ཀུན་ནུས་གློག་གསོག་ཆས་ལྟར་ཡོད་ཚད་ལ་ཤེས་ཡོན་གྱི་གློག་འདང་ངེས་ཤིག་གསག་ཐུབ་དགོས།

    དེའི་ཕྱིར་སྔོན་དགེ་རྒན་གྱི་ཁྲིད་པ་བཟང་བའང་ལོས་ཡིན་ཏེ་སློབ་མའང་ཤེས་འཇོན་ཅན་རྐྱང་པ་བདམས་ཡོད་སྟབས་བརྗེད་དུ་མེད་པའང་ཁྱད་འཕགས་ཀྱི་ཁྱད་ཆོས་ཤིག་ཡིན་པར་མི་འདོད།དཔེར་ན་འཛིན་གྲྭ་ཞིག་གི་སློབ་མ་བཟང་ཤོས་དག་གིས་སློབ་ཚན་སོགས་ཡོད་ཚད་བློ་རུ་ངེས་ལ་བརྗེད་དུ་མེད་མཁན་ལོས་ཡོད།འོན་ཀྱང་ང་ཚོས་ཀུན་སྤྱོད་དང་རིག་གནས་ཞན་པའི་སློབ་མ་དག་ཀྱང་གཞོག་གཅིག་དུ་བཞག་ནས་བསྐྱུར་དུ་ག་ལ་རུང་། དེའི་ཕྱིར་ཡོད་ཚད་གནའ་དེང་ཟུང་དུ་འབྲེལ་ན་བར་སྟོང་གི་ཆ་མང་ཙམ་ལུས་འགྲོ་བས།དགེ་རྒན་དག་གིས་དེང་དུས་གསར་དུའང་ཐབས་ལམ་རེ་ཟུང་ཁ་སྣོན་བྱ་དགོས།

   ཅི་ཞིག་ཁ་སྣོན་དགོས་སམ་ཞེ་ན།ཀུན་སྤྱོད་དང་རིག་གནས་ཞན་པའི་སློབ་མ་རྣམས་ལ་འོས་བབས་ཀྱི་ཁ་ཏ་དང་སློབ་གསོ་བྱས་ནས་དེ་དག་གི་རང་རྒྱུད་ཀྱི་ཡོན་ཏན་དེ་བག་ལ་ཞ་རུ་མི་འཇུག་པར་རང་རང་གི་ཐུན་མོང་ཁྱད་ཆོས་གཙོ་བོར་བཟུང་ནས་བསྐྱེད་བསྲིངས་བྱེད་པ་ནི་ཐབས་ཀྱི་མཆོག་གོ།

བཞི། གནའ་དེང་གི་སློབ་གསོའི་ཁོར་ཡུག་གླེང་བ།

   སྔོན་ཆད་སློབ་གཉེར་བ་དག་ནི་རི་ཁྲོད་དང་དབེན་གནས་ཁོ་ནར་སོང་ནས་བློ་གཅིག་སེམས་གཅིག་ངང་བསླབ་ལ་བརྩོན་པ་ལས་དེང་གི་དུས་ལྟར།ཁྲ་ཁྲ་རིག་རིག་གི་གྲོང་ཁྱེར་ཆེ་ས་དང་མི་མང་ས་ནས་ཁ་གཡེང་མིག་གཡེང་བྱས་ནས་སྦྱང་བ་ཞིག་གཏན་ནས་མིན།

    དེང་སང་དུས་རབས་ཀྱི་ངོས་ནས་ཚན་རྩལ་དར་ལ་དངོས་གནས་མཁས་པ་སྒོ་ཕྱིར་མ་བུད་ཀྱང་།།རྒྱལ་ཁམས་མིག་གི་ལྟད་མོར་གྱུར།།ཞེས་པ་ལྟར་ཡིན་ཡང་།ན་ཚོད་མ་སྨིན་པའི་བྱིས་པ་དག་ལ་མཚོན་ན་དེ་ནི་སློབ་སྦྱོང་གི་གྲོགས་སུ་མ་གྱུར་པར།སློབ་སྦྱོང་གི་བཀག་རྡོ་ཁོ་ནར་གྱུར་ཡོད།དེ་དག་ཡོད་ཚད་ནི་ཁྱིམ་བདག་བཟང་ངན་དང་ཐད་ཀར་འབྲེལ་བ་ཡོད་དེ།ཁྱིམ་པ་ལ་ལས་ནམ་རྒྱུན་ཤོ་སྦག་དང་ཇ་ཁང་ནས་ཉི་མ་འདས་ནས་རང་གི་བུ་ཕྲུག་ལ་ཡ་རབས་ཀྱི་འགྲོ་ལུགས་མི་སློབ་པར་མ་རབས་ཀྱི་བྱ་སྤྱོད་དང་བདེ་ཐང་དང་སློབ་སྦྱོང་ལ་གནོད་པའི་བྱ་བ་རྐྱང་པར་བརྩོན་ལེན་བྱེད་དུ་བཅུག་ནས།མེ་ཏོག་ཆུང་ཆུང་ལ་དྲི་ནག་གོས་པའི་བསམ་བློའི་འདབ་མ་རེ་རེ་སྨིན་དུ་བཅུག་པ་རེད།

   འོན་ཀྱང་ལ་ལས་བྱིས་པའི་ལྟ་རྒྱ་མཐོང་རྒྱ་རྒྱ་བསྐྱེད་པའི་ཆེད་དུ་འཛམ་གླིང་གི་ཡ་རབས་གོམས་སྲོལ་དང་རིག་གནས་ཤེས་བྱ་སོགས་ཀྱི་བསླབ་བྱ་རེ་རེ་དྲྭ་རྒྱ་དང་གློག་བརྙན་སོགས་ནས་ངོ་སྤྲོད་བྱས་ལ།ད་དུང་བདེ་ཐང་དང་འཚམས་པ།རང་ཉིད་ཀྱི་གོམས་སྲོལ་དང་འབྲེལ་བའི་བསླབ་བྱ་རེ་རེ་བཞིན་ཤ་གསེང་རུས་གསེང་དུ་འཐིམ་དུ་འཇུག

    བྱ་བ་གང་ཡིན་ཡང་བཟང་ངན་གཉིས་དུས་མཉམ་དུ་འཇུག་པ་ནི་འཇིག་རྟེན་གཤིས་ལུགས་སུ་གྲུབ་པའི་དངོས་པོའི་རང་གཤིས་ཤིག་ཡིན་མོད།འོན་ཀྱང་བཟང་ཕྱོགས་སྤྱད་དེ་ངན་ཕྱོགས་འདོར་བ་ནི་སྨྲ་ཤེས་དོན་གོ་བའི་ཁྱད་ཆོས་ཙམ་པོ་བ་ཡིན་པས་ཁྱིམ་བདག་སོ་སོས་བསམ་བློ་རྣལ་ལ་ཕབ་སྟེ།རང་གི་བུ་ཕྲུག་དག་རང་འདྲའི་བ་ལང་གི་རྫི་བོར་མི་མངགས་པར།ཤེས་རབ་འོད་མདངས་བསྣམས་ནས་དུས་རབས་ཀྱི་རྗེས་གཅོད་པར་རམ་འདེགས་བྱེད་དགོས།

   མདོར་ན་འུ་ཅག་ལ་གནའ་བོའི་ཡབ་མེས་ཚོའི་ཤུལ་བཞག་རིག་གནས་མཁོ་ལ།དེང་དུས་ཀྱི་ཚན་རྩལ་ལས་བྱུང་བའི་དེང་རབས་རིག་གནས་ཀྱང་མཁོ་མོད།སྐྱེ་བོ་ཡོན་ཏན་ཡོད་མེད་པའི།།བླང་དོར་བློ་གྲོས་ལྡན་པ་མཁས།།ཞེས་པ་ལྟར་གནའ་དེང་གི་རིག་པ་དག་ལ་བླང་དོར་གྱི་ཆ་འདང་ངེས་ཤིག་བྱས་ན་ཁྱོད་ནི་མཁས་པའི་གོ་སར་སླེབས་ཐུབ་པར་གདོན་མི་ཟའོ།།




  • ལེ་ཚན་སྔོན་མ།:དཔེ་ཀློག་དང་མི་ཚེ། བྱང་འབྲོག་གི་ལམ་ཡིག་ཅེས་པ་བཀླགས་རྗེས།
  • ལེ་ཚན་རྗེས་མ།:བརྗོད་དོན་གྱི་བསླུ་བྲིད་དང་ཡིག་འབྲུའི་ཞུན་བརྡར།
  • དོ་སྣང་ཆེ་བའི་རྩོམ།