ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཧྭ་ནེང་གློག་འདོན་སི་ཁྲོན་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཆིའུ་ཐན་ཀེན་དང་བཞུགས་མོལ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2020-04-26

 

ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཧྭ་ནེང་གློག་འདོན་སི་ཁྲོན་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཆིའུ་ཐན་ཀེན་དང་བཞུགས་མོལ་གནང་།

  སྤྱི་ཟླ4པའི་ཚེས20ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཧྭ་ནེང་གློག་འདོན་སི་ཁྲོན་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི། ལག་བསྟར་ལས་འཛིན་པ་ཆིའུ་ཐན་ཀེན་དང་ཧྭ་ནེང་གློག་འདོན་སི་ཁྲོན་སྤྱི་གཉེར་ཁང་གི་སྤྱི་ཁྱབ་སྤྱི་གཉེར་པ། ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཅང་ཞའོ་མིང་དང་བཞུགས་མོལ་གནང་བ་རེད། ཕྱོགས་གཉིས་པོས་ཇི་ལྟར་བྱས་ནས་མཉམ་ལས་སྤེལ་རེས་དང་ཁྱད་པར་དུ་དྭངས་གཙང་གི་ནུས་པའི་ཐོན་ཁུངས་གསར་སྦོལ་བྱ་རྒྱུར་སྔར་ལས་ལྷག་པར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་ཐད་ངོ་འཕྲད་གྲོས་མོལ་གནང་བ་རེད།

   ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་། ཧྭ་ནེང་གློག་འདོན་སི་ཁྲོན་སྤྱི་གཉེར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་སྤྱི་གཉེར་པ་གཞོན་པ་ལིའུ་ཅན་ཡུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

   ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཧྭ་ནེང་གློག་འདོན་ཚོགས་པས་ཐོག་མཐའ་བར་གསུམ་དུ་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལྷག་པར་དུ་ཉེན་སེལ་རྒུད་སྐྱོབ། དབུལ་ཐར་འགག་སྒྲོལ། ཐོན་ཁུངས་གསར་སྦོལ། དམངས་འཚོ་ལེགས་བཅོས་་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རང་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་དེ་བཞིན་དུ་རི་ཀླུང་སྔོན་ཞིང་ཆུ་བོ་དྭངས་མོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་པ་དང་ལག་ལེན་བསྟར་བ་ཡིན། ཧྭ་ནེང་གློག་འདོན་སི་ཁྲོན་སྤྱི་གཉེར་ཁང་གིས་མུ་མཐུད་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རང་ཁུལ་གྱིས་རྒྱལ་ཁབ་རིམ་པའི་དྭངས་གཙང་གི་ནུས་པའི་ཐོན་ཁུངས་ཀྱི་རྟེན་གཞི་འཛུགས་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ་རང་ཁུལ་གྱིས་སི་ཁྲེན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆིའུ་ཐན་ཀེན་གྱིས་ཧྭ་ནེང་གློག་འདོན་སི་ཁྲོན་སྤྱི་གཉེར་ཁང་གིས་ཚབ་མཛད་ནས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོར་ཧྭ་ནེང་གློག་ཚོགས་པས་དཀར་མཛེས་ཁུལ་དུ་ལས་སྒོ་འཕེལ་རྒྱས་བཏང་བར་རྒྱབ་སྐྱོར་རོགས་རམ་དང་སྤུས་ལེགས་ཞབས་ཞུ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཧྭ་ནེང་གློག་འདོན་སི་ཁྲོན་སྤྱི་གཉེར་ཁང་གིས་མུ་མཐུད་ནས་ལེགས་ཆ་འདོན་སྤེལ་བྱས་ཏེ་དཀར་མཛེས་ཁུལ་གྱི་ནུས་པའི་འབྱུང་ཁུངས་དང་ཐོན་ཁུངས་གསར་སྦོལ། ལྷག་པར་དུ་དྭངས་གཙང་གི་ནུས་པའི་འབྱུང་ཁུངས་གསར་སྦོལ་བྱེད་པའི་ནང་མ་སྐུལ་དང་བླངས་ཀྱིས་ཞུགས་ཏེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་བ་དང་དཀར་མཛེས་བོད་རིགས་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་ནུས་ཤུགས་འབུལ་རོགས་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པར་བྱས་རྗེས་དེ་བས་ཆེན་པོ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།། 

 


  • ལེ་ཚན་སྔོན་མ།:ཤར་རྒྱུ་ལ་ཕྲ་མོར་གངས་ཀྱིས་མནན།
  • ལེ་ཚན་རྗེས་མ།:ད་ལོའི་དུས་ཚིགས་དང་པོར་རང་ཁུལ་གྱི་གཙོ་གནད་ལས་གཞིར་བཏང་བའི་མ་དངུལ་སྒོར་དུང་ཕྱུར29.37ལེགས་འགྲུབ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།