བསམ་དཀར་རྒད་པོའི་རྐྱང་གཞས།

ཆོས་བཞིན།        2020-04-24

བསམ་དཀར་རྒད་པོའི་རྐྱང་གཞས།

གོང་དཔོན་པོ་ཕག་གི་ཀླད་པ་ཅན།།

སེམས་དྲན་རྒྱུ་མང་ལ་ལག་ལེན་ཉུང་།།

དོན་ལྟོ་འདུན་ཆེ་ལ་ཕྱི་བྱོལ་མང་།།

སྡེ་ཆེན་པོ་གཏོར་གི་གཞི་མ་རེད།།


ཁྲིམས་ལུགས་མེད་དོན་ཚན་སྣ་མང་ཅན།།

སྐྱོན་བཅོས་སྤྱད་མེད་ལ་སེལ་སྤྱད་མེད།།

ཇུས་བཀོད་པ་སྐྱག་མགོ་ས་སུབ་མང་།།

གྲལ་གོར་གོར་གཏོར་གི་གཞི་མ་རེད།།


བྱ་ལས་ཀ་བལ་མགོ་ཆུ་གཏོར་དེ།།

མྱིས་འཕྱ་བྱེད་རང་ཉིད་སྡུག་སྤྱད་རེད།།

དོན་སྙིང་པོ་མེད་པའི་བྱ་བྱེད་ནི།།

ནང་ཕུ་ནུ་དཀྲུག་གི་དཀྲུག་ཤིང་རེད།།


རྟེན་མི་ལུས་ཐོབ་པའི་བསོད་ནམས་ཅན།།

ནང་ཕན་ཚུན་མགོ་བདེ་དྲན་འཕྲུལ་གྱིས།།

རང་ཁོ་ན་མ་གཏོགས་མི་སེམས་པ།།

ཞེ་མཛའ་མཐུན་གཏོར་གི་གཞི་མ་རེད།།


བློ་ཤེས་རྒྱ་ཁོག་ན་མ་ཡོད་ན།།

མྱི་ཞིག་གི་དཔོན་པོ་མ་བསམ་རོགས།།

སྡེ་ཞིག་གི་ཇུས་ཆེན་བརླག་བཞག་ན།།

ཤི་དམྱལ་བར་འགྲོ་བའི་གཞི་མ་རེད།།


རང་ཅི་འདྲ་རང་གིས་ཨེ་མི་ཤེས།།

བྱ་ཆེ་ཆེ་ཆུང་ཆུང་ཐམས་ཅད་ལ།།

སྣོག་རྒྱག་གི་མ་འདུག་ལས་ངན་པོ།།

དྲིན་ཕ་མས་གོ་ན་སྡུག་ནི་རེད།།


ཞེ་བསམ་པ་དཀར་བའི་སྐད་ཆ་ལ།།

ཚིག་སྙན་མོ་ཞིག་ནི་མི་འོང་གི།།

བློར་བབས་ན་རྣ་བའི་བའི་བུ་རམ་གྱིས།།

དོན་མ་གོ་བ་ལ་འགྲེལ་བ་མེད།།

ཕྱི་ལོ༢༠༢༠ལོའི་ཟླ༤ཚེས༡༨ཉིན་གྱི་མཚན་མོར་ཏྲེ་ཧོར་རྒྱལ་སའི་མདུན་ཐང་གི་རང་མལ་དུ་རློམ་པར་གློ་ཉལ་བྱས་ཏེ་བྲིས་པ་མངྒ་ལཾ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:དཔྱིད་ཀྱི་དཔལ་ཡོན།
  • ལེ་ཚན་རྗེས་མ།:མིའི་བསྟན་བཅོས་གྲ་རྩེ་མ།