དཔྱིད་ཀྱི་དཔལ་ཡོན།

དུ་སྤྲིན།        2020-04-24

ཉི་འོད་ཐགས་བཟང་འགྱུས་པའི་ཡིད་འོང་གི།།

གཡུ་ཆུང་ཞུན་མ་འཁྱིལ་འདྲ་ལྗོན་པའི་ཚོགས།།

རླུང་བུ་ལྡང་འགྲོས་ལྟར་དུ་འགུལ་ཞིང་གཡོ།།

ལན་རེ་སྙན་པའི་གདངས་དབྱངས་ཀྱུ་རུ་རུ།།


སྐབས་རེ་དྲི་ཞིམ་ངད་པ་འཐུལ་ལུ་ལུ།།

རྐང་ཟུང་གཙང་མར་བཀྲུས་རྗེས་སྤང་ཐང་དུ།།

སྣང་བ་རི་ལ་བཏང་ནས་གཞས་ཆུང་བླངས།།

སེམས་ཀྱི་རས་གཞི་དམར་པོ་གདན་དུ་བཏིངས།།


དེ་རུ་རྩི་ཤིང་སྣ་ཚོགས་སིལ་བུར་སྤུངས།།

དྲི་ལྡན་སེར་ཆེན་མེ་ཏོག་མཛེས་སྡུག་གིས།།

རྒྱང་རིང་བུང་བའི་ཚོགས་ནི་ངང་གིས་བཀུག།

གཙང་པོ་ལྷོད་ཀྱིས་བཞུར་བའི་འགྱུར་ཁུག་ལ།།


རྣ་བ་ཞིབ་ཏུ་གཏད་པའི་བར་མཚམས་དེར།།

འཕྲུལ་གཤོག་རྩལ་ལག་ཐོགས་པའི་ཉ་མོ་ཁྱུ།།

སྨྲ་བ་ཡུན་རིང་བསྡམས་ནས་བསྐྱོད་པ་ཡང་།།

ཡིད་ཀྱི་མེ་ལོང་ངོས་སུ་གསལ་ལེར་ཤར།།

  • ལེ་ཚན་སྔོན་མ།:ཡིད་འོང་ལྷ་མཚོ།
  • ལེ་ཚན་རྗེས་མ།:བསམ་དཀར་རྒད་པོའི་རྐྱང་གཞས།