རླབས་ཆེན་གྱི་མེས་རྒྱལ།

བློ་བཟང་ཟླ་བ།        2020-04-24

རིལ་རིལ་ས་ཡི་གོ་ལ་སྐྱེ་འགྲོའི་ཕ་ཁྱིམ་འདིར།།

གྲགས་གྲགས་གླིང་ཆེན་བདུན་དང་རྒྱ་མཚོ་ཆེན་པོ་བཞི།།

གང་གང་ཨེ་ཤ་ཡ་ཡི་གླིང་གི་ཕང་བ་རུ།།

གསལ་གསལ་སྐར་ཚོགས་ཁྲོད་ཀྱི་ཟླ་བ་ཁྱེད་ལ་བསྟོད།།

རིང་རིང་བགྲང་བྱ་ལྔ་སྟོང་རྨད་བྱུང་ལོ་རྒྱུས་འདིས།།

མཐོ་མཐོ་ནམ་མཁའི་དགུ་ཚིགས་རྒྱུན་གྱི་སྙེམས་པ་འཕྲོག།

མཐུན་མཐུན་མི་རིགས་ང་དྲུག་སེའུ་འབྲུ་ཇི་བཞིན་དུ།།

འགྲིག་འགྲིག་རྡོག་རྩ་གཅིག་སྒྲིལ་འཛམ་གླིང་མིག་དཔེར་འོས།།

འཇིགས་འཇིགས་མཐའ་དམག་ཀླུ་ཡི་དཔུང་སྡེ་བྱེ་བའི་ཚོགས།།

རྫིག་རྫིག་མཁའ་ལྡིང་རྡོ་རྗེའི་མཆུ་སྡེར་རྣོན་པོ་ཡིས།།

ཧ་ཧ་བཏུལ་ནས་མཐའ་ཡི་རྒྱ་མཚོའི་འཇིངས་སུ་བྲོས།།

རྔམ་རྔམ་རྒྱལ་ཁའི་དབྱར་རྔ་རིམ་དགུ་དགུང་ནས་གྲགས།།

བཟང་བཟང་བཅོས་བསྒྱུར་སྒོ་འབྱེད་ཇུས་བཟང་ཐོ་ལུམ་གྱིས།།

ལྗིད་ལྗིད་ལུགས་རྙིང་བག་འཁུམས་ལྕགས་སྒྲོག་སིལ་བུར་གཏོར།།

ཡངས་ཡངས་མངའ་ཁོངས་སྲིད་འབྱོར་རིག་གསུམ་རྐང་འཐུང་ཚོགས།།

ལྡེམ་ལྡེམ་སྐྱེས་སྟོབས་དཔལ་འབར་འཛམ་གླིང་ཡིད་དབང་འཕྲོག།

སྐྱིད་སྐྱིད་རྒྱལ་ཁམས་འདི་ན་གློ་བུར་དུག་རླངས་འཐུལ།།

མང་མང་མངའ་འབངས་གཅེས་པའི་སྲོག་ལ་གནོད་པའི་མོད།།

འུར་འུར་ཕྱོགས་མཚམས་ཀུན་ནས་འཐོར་རླུང་དྲག་པོ་ཡིས།།

མྱུར་མྱུར་ཕས་རྒོལ་དཔུང་ཚོགས་རྨེད་མེད་མཐའ་རུ་བསྐྲད།།

ཟིམ་ཟིམ་ཆུ་འཛིན་ཁྲོད་ནས་བབས་པའི་དུས་ཐོག་ཆར།།

ཟུག་ཟུག་རྐང་འཐུང་ཚོགས་ཀྱི་གདུང་བ་རབ་ཞི་སྟེ།།

ལྡེམ་ལྡེམ་དགའ་བདེས་མྱོས་པའི་གླུ་གར་རོལ་པའི་ཚེ།།

མཛེས་མཛེས་མེ་ཏོག་རྣམས་ཀྱང་གང་སར་ཅིག་ཅར་བཞད།།

ཞིམ་ཞིམ་རྒྱལ་ཁའི་གསོལ་ཆང་བདུད་རྩི་མངར་མོའི་ཕུད།།

མཛངས་མཛངས་རིམ་ཁག་སྲིད་གཞུང་དབུ་ཁྲིད་རྣམ་པ་དང་།།

དུང་དུང་གོས་དང་ལྷག་བསམ་དཀར་བའི་སྨན་བཅོས་པ།།

སོ་སོ་ལས་རིགས་རྒྱལ་འབངས་ཡོངས་ལ་དང་བས་འབུལ།།

དེ་དེ་ནད་དུག་འདི་ལ་འཇའ་ཡལ་ཞེས་བཏགས་ཀྱང་།།

ཉེ་ཉེ་འཛམ་གླིང་ཡུལ་གྲུ་མང་པོར་ཁྱབ་འདུག་པས།།

བདེན་བདེན་མཁས་པའི་བསླབ་བྱ་མ་བརྗེད་སྙིང་དབུས་བཅང་།།

གཟབ་གཟབ་ལག་ཏུ་བླང་ན་མགྱོགས་པར་རྒྱལ་བར་ངེས།།

  • ལེ་ཚན་སྔོན་མ།:སོས་ཀའི་སྣང་བ།
  • ལེ་ཚན་རྗེས་མ།:ཡིད་འོང་ལྷ་མཚོ།