ཏོག་གསར་གློ་རིམས་འགོག་བཅོས་ཚོད་འཛིན་དང་།།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མཉམ་དུ་འཛིན།།

སྐལ་ཐུབ་ཀྱིས་བྲིས།        2020-04-23

     ད་ཆ་རང་རྒྱལ་གྱི་ཏོག་གསར་གློ་རིམས་འགོག་བཅོས་ཚོད་འཛིན་གྱི་འཕེལ་ཕྱོགས་བཟང་པོ་དེའི་རྒྱུན་སྔར་ལྷག་གིས་སྐྱོང་བཞིན་ཡོད་ལ། རིམས་ཚུལ་རྒྱུན་རྣམ་ཅན་གྱི་འགོག་བཅོས་ཚོད་འཛིན་ཁྲོད་དུ་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ཀྱང་རིམ་བཞིན་རྒྱུན་ལྡན་ཅན་དུ་འགྱུར་བཞིན་ཡོད། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ཡང་སླར་གསོ་མགྱོགས་པོ་བྱུང་དང་འབྱུང་བཞིན་ཡོད། ཡིན་ན་ཡང་། ཏོག་གསར་གློ་རིམས་རྒྱལ་སྤྱི་ལ་མཆེད་པ་དང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པའི་ཉེན་ཁ་ཆེ་རུ་སོང་ཞིང་། རང་རྒྱལ་གྱིས་རིམས་འགོག་གྲུབ་འབྲས་སྲུང་འཛིན་དང་རིམས་ཚུལ་བསྐྱར་དུ་མཆེད་པ་སྔོན་འགོག་བྱ་རྒྱུའི་ལས་འགན་ཧ་ཅང་ལྕི་བས། དཔལ་འབྱོར་འཕེལ་རྒྱས་ཐད་ལ་སྔར་མེད་ཀྱི་འགྲན་སློང་ཆེན་པོ་ཞིག་ཐུག་ཡོད་པ་རེད། དེར་བརྟེན། རྒྱལ་ཕྱི་ནང་གི་རྙོག་དྲ་ཆེ་བའི་རིམས་འགོག་དང་དཔལ་འབྱོར་གྱི་གནས་བབ་ལ་ཕྱོགས་ཏེ། ང་ཚོས་མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ངེས་པའི་ཆོད་སེམས་བརྟན་པོར་འཆང་ཞིང་། ཏོག་གསར་གློ་རིམས་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏང་དགོས་པ་དང་། ད་སྔར་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་དཀའ་ཚེགས་ཆེན་པོས་འབད་འཐབ་བྱས་ནས་ཐོབ་པའི་རྙེད་པར་དཀའ་བའི་རིམས་འགོག་གི་གྲུབ་འབྲས་ཆུད་ཟོས་སུ་མི་བཏང་ནས་རིམས་ཚུལ་འགོག་བཅོས་ཚོད་འཛིན་གྱི་ལས་དོན་དམ་འཛིན་དང་དངོས་འཛིན། ཞིབ་འཛིན་བཅས་བྱ་དགོས་ལ། ད་ལྟ་དང་མ་འོངས་པའི་དཀའ་ངལ་དང་ཉེན་ཁ། ངེས་གཏན་མེད་པའི་རང་བཞིན་བཅས་ལ་ཚོད་དཔག་གང་ལེགས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་སོ།།

    རིམས་ཚུལ་འགོག་བཅོས་ཚོད་འཛིན་གྱི་ལས་དོན་ཐད་ལ། དུས་དང་གནས་བབ་ལ་གཞིགས་ནས་ཕྱི་ནས་རིམས་ནད་མཆེད་པ་སྔོན་འགོག་བྱ་རྒྱུ་དང་། ནང་ནས་རིམས་ནད་བསྐྱར་དུ་མཆེད་པར་སྔོན་འགོག་བྱ་རྒྱུའི་ཐབས་ཤེས་ཁག་འཐུས་སྒོ་ཚང་དུ་བཏང་དགོས་ལ། དེ་དག་དོན་ཐོག་ནན་འཁྱོལ་ཡང་བྱ་དགོས། མི་དམངས་མང་ཚོགས་ལ་དགོས་ངེས་ཀྱི་འགོག་སྲུང་ཡག་པོ་བྱ་དགོས་པའི་སློབ་གསོ་དང་ཁྲིད་སྟོན་དོན་ལ་གནས་པ་བྱེད་པ་དང་། རིམས་ཚུལ་གྱི་འཕེལ་ཕྱོགས་བཟང་པོ་འདིའི་རྒྱུན་མཐའ་གཅིག་ཏུ་བསྐྱངས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དང་ལུས་ཁམས་བདེ་ཐང་ཡོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཁྱོན་ཡོངས་ནས་བསྐྱར་གསོ་ཐུབ་པར་འགན་སྲུང་ནུས་ལྡན་བྱ་དགོས།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པའི་དམིགས་འབེན་ལ་དམ་པོར་དམིགས་ནས་རིམས་འགོག་རྒྱུན་རྣམ་ཅན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་བསམ་གཞི་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གྱིས་གཙོ་ཕྱོགས་བྱས་ཤིང་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྒུལ་ཤུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སེམས་ཐག་གཙང་བཅད་ཀྱིས་ཉེན་ཁ་ཚབས་ཆེན་སྔོན་འགོག་ཐག་གཅོད་བྱེད་པ་དང་། དབུལ་ཐར་འགག་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་འགག་སྒྲོལ་ཆེན་པོ་གསུམ་ཡག་པོ་བྱེད་ཅིང་། ལས་ཞུགས་དང་དངུལ་རྩ། ཕྱིར་འཚོང་། ཕྱིའི་མ་རྩ། མ་དངུལ་འཇོག་པ། སྔོན་དཔག་བཅས་བརྟན་བརླིང་ཡོང་བ་དྲུག་གི་ལས་དོན་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞིས་པའི་ལས་ཞུགས་དང་མ་མཐའི་དམངས་འཚོ། ཁྲོམ་རའི་བྱེད་པོ། འབྲུ་རིགས་ནུས་ཁུངས་ཉེན་མེད། ཐོན་ལས་འབྲེལ་ཐག་དང་མཁོ་འདོན་འབྲེལ་ཐག གཞི་རིམ་འཁོར་སྐྱོད་ཡོང་བ་བཅས་ལ་འགན་སྲུང་ཐུབ་པར་བྱ་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་ལེན་གཡོ་མེད་བྱེད་ཅིང་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་གི་སྤྱི་ཡོངས་སྲུང་སྐྱོང་བྱས་ཏེ། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་བླང་པའི་ལས་འགན་འགྲུབ་པར་ཁག་ཐེག་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་བྱ་དགོས་སོ།། 

 


  • ལེ་ཚན་སྔོན་མ།:ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་ཕུག་ལམ47ཚང་མ་ཏལ་འབིགས་ཐུབ་ཡོད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་མཛད།
  • དོ་སྣང་ཆེ་བའི་རྩོམ།