ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་ཕུག་ལམ47ཚང་མ་ཏལ་འབིགས་ཐུབ་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2020-04-23

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཉེ་ཆར་འབྱོར་བའི་གཏམ་གསར། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  སྐྲུན་བཞིན་པའི་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་ཐིག་གི་གཙོ་གནད་དཀའ་ཚེགས་རང་བཞིན་ཆེ་བའི་ལས་གྲྭ་སྟེ་སྨན་གླིང་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་དང་། གཙང་དཀར་ཕུག་ལམ་ཡང་དེ་དང་ཆབས་ཅིག་ཏལ་འབིགས་ཐུབ་པར་བརྟེན། ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་ཐིག་ཧྲིལ་པོའི་ཕུགས་ལམ47ཏེ་སྤྱི་ལེ216.5ཡོད་པའི་ཕུག་ལམ་ཚང་མ་ཏལ་འབིགས་ཐུབ་ནས་དུས་བཀག་ལྟར་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་མངའ་ཁོངས་སུ་གནས་པའི་སྨན་གླིང་ཕུག་ལམ་ནི་ལམ་ཐིག་ཧྲིལ་པོའི་ཨར་ལས་དཀའ་ཚེགས་ཆེ་ཤོས་ཀྱི་ལམ་ཐག་སྨི་ཁྲི་ཟིན་པའི་ཕུག་ལམ6གི་གྲས་ཤིག་ཡིན་ལ་དེའི་ཆ་སྙོམས་མཚོ་འཕགས་སྨི3100དང་། རིང་ཚད་ལ་ཁྱོན་སྨི11560 གཏིང་རིང་ཤོས་ལ་སྨི1200བཅས་ཡོད་པས། ལྕགས་ལམ་འཛུགས་སྐྲུན་པ་ཚོས་གཏུག་དཀའ་ཤོས་དང་ཉེན་ཁ་ཆེ་ཤོས་ཤིག་རེད་ཅེས་བརྗོད་ཀྱི་ཡོད།

རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་ནས་རང་བྱུང་ཆ་རྐྱེན་ཞན་པའི་འོག་ལྕགས་ལམ་ཕུག་ལམ་འཛུགས་སྐྲུན་གྱི་ཉམས་མྱོང་གསར་པ་ཞིག་བྱུང་བ་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་ནུས་པ་དང་ལས་གྲྭ་འཛུགས་སྐྲུན་གྱི་ལག་ལེན་ཐད་འཆར་འགོད་འཛུགས་སྐྲུན་བྱེད་བཞིན་པའི་ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་མཚམས་ལ་དགེ་མཚན་ལྡན་པའི་དཔྱད་གཞི་ཞིག་མཁོ་འདོན་བྱ་རྒྱུ་རེད་ཅེས་བརྗོད། བོད་རང་སྐྱོང་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་པའི་ཁྲོན་བོད་ལྕགས་ལམ་ལྷ་ཉིང་བར་གྱི་ལམ་བུ་ནི་རང་རྒྱལ་གྱི་ས་ཤུན་འགུལ་སྐྱོད་མང་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་ཆ་ནས་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དུ་གནས་པ་དང་།  དེའི་རིང་ཚད་ལ་ཁྱོན་སྤྱི་ལེ435དང་ཆུ་ཚོད་རེའི་མྱུར་ཚད་ལ་སྤྱི་ལེ160ཇུས་འགོད་བྱས་ཡོད། ལམ་ཐིག་དེ་མཚོ་བོད་ས་མཐོའི་གངས་ཏེ་སི་དང་རི་བོ་ཧི་མ་ལ་ཡའི་དབར་གྱི་ཡར་ཀླུང་གཙང་པོའི་སྦྲེལ་མཚམས་སུ་ཡོད་ཅིང་། ལམ་ཐིག་བརྒྱ་ཆ90ཡན་མཚོ་འཕགས་སྨི3000ཡན་གྱི་སར་གནས་པ་དང་སྔ་རྗེས་སུ་ཡར་ཀླུང་གཙང་པོ་ཐེངས16བརྒལ་བར་མ་ཟད། ལམ་རྒྱུད་གཡང་གཟར་ལ་གཏིང་རིང་བ་དང་། ཁོར་ཡུག་རྙོག་འཛིང་ཆེ་བ། ཨར་ལས་དཀའ་ཚེགས་ཆེ་བ་བཅས་ཡིན་པ་རེད།

    2014ལོའི་ཟླ12པར་ལས་འགོ་བཙུགས་ཚུན། ལྕགས་ལམ་འཛུགས་སྐྲུན་པ་ཁྲི2ཀྱིས་དཀའ་ངལ་དང་ཉེན་ཁར་མི་འཛེམ་པར་ཉིན་མཚན་དབྱེར་མེད་ངང་འབད་འཐབ་བྱས་ཏེ་ས་མཐོའི་གསོ་རླུང་མི་འདང་བ་དང་། གནམ་གཤིས་ཆ་རྐྱེན་ཞན་པ། ཁོར་ཡུག་དཀའ་ཚེགས་ཆེ་བ་སོགས་ཀྱི་འགལ་རྐྱེན་སྣ་ཚོགས་ཁྱད་དུ་བསད་ནས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་དོ་དམ་ལ་ཤུགས་རྒྱག་པ་དང་། ཨར་སྐྲུན་གྱི་སྒྲིག་འཛུགས་ལེགས་སུ་གཏོང་བ། ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ལེགས་ནུས་ཆེའི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

    ད་སྔའི་བར་ལམ་ཐིག་ཧྲིལ་པོའི་ཕུག་ལམ47ཚང་མ་ཏལ་འབིགས་ཐུབ་ཡོད་པ་དང་། ཟམ་པ120ཡོད་པའི་ཁྲོད་ནས119བསྐྲུན་ཟིན་པ་དང་ལམ་ངོས་ལ་ལྕགས་ལམ་སྤྱི་ལེ115.11བཏིང་ཟིན་ཞིང་། སྔོན་དཔག་བྱས་ན2020ལོའི་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོ་ལེགས་གྲུབ་ཡོང་རྒྱུ་དང2021ལོར་མེ་འཁོར་ཤར་གཏོང་ཐུབ་པ་རེད།།


  • ལེ་ཚན་སྔོན་མ།:ཧྥུ་ཅན་ཞིང་ཆེན་ཀྲེན་ཧོ་རྫོང་གིས་ཇའི་ཐོན་ལས་ལ་བརྟེན་ནས་ཞིང་པ་དབུལ་ཐར་ཕྱུག་འགྱུར་ཡོང་བར་བྱས།
  • ལེ་ཚན་རྗེས་མ།:ཏོག་གསར་གློ་རིམས་འགོག་བཅོས་ཚོད་འཛིན་དང་།།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མཉམ་དུ་འཛིན།།
  • དོ་སྣང་ཆེ་བའི་རྩོམ།