སོས་ཀའི་སྣང་བ།

ལོ་ཤུལ་བཀྲ་ནོར།        2020-04-23

རླུང་བུས་ཕྱག་ཟུང་སེམས་པའི་ཤ་ལ་འཇམ་པོར་གླན།།

རྩྭ་དང་མྱུ་གུས་ས་དང་རྡོ་ཡི་སྙིང་ཁོག་གཤག།

གོ་ལའི་སྐུ་ལ་སྔོ་ལྗང་སྒྲོལ་མའི་ལང་ཚོ་སྨིན།།

དཔྱིད་དཔལ་ཨ་མས་སྐྱེ་དགུའི་གཞིས་ཀ་དྲོད་ཀྱིས་བསྲོས།།


སོ་ནམ་བུ་མོའི་སྣང་བའི་ངོགས་ལ་སྟོན་ཁར་རེ།།

རྫི་མོ་གཞོན་ནུའི་སེམས་ཀྱི་འཇིངས་ལ་བེའུ་ཆུང་རྩེན།།

བརྒྱད་ཅུའི་བགྲེས་པོ་ཉི་ཟེར་འཇམ་པོའི་འོད་ལ་འཁོར།།

ཕལ་བའི་སྣང་བར་དྲོད་ཀྱི་གཤོག་པ་ཟུང་གཅིག་ཐོགས།།


ཚོན་འཁྱོག་དབང་གཞུ་ཆར་རྗེས་སྐྱེལ་བའི་གར་མཁན་མ།།

ལྗང་མྱུག་ཆུང་ངུ་རེ་བ་སྟེར་བའི་འཛུམ་གྲོལ་མ།།

དཔྱིད་དཔལ་ཟེར་བ་ལྐོག་གྱུར་ཅན་གྱི་ལྷ་རིས་པ།།

དཔྱིད་ཀྱི་ཕྱི་ནང་སེམས་ཁ་དྲོ་བའི་ཡུམ་ཆེན་ཞིག།

            


  • ལེ་ཚན་སྔོན་མ།:ཕ་ཡུལ་དྲན་པའི་ཆིག་ལབ།
  • ལེ་ཚན་རྗེས་མ།:རླབས་ཆེན་གྱི་མེས་རྒྱལ།