ང་རང་རྟ་ཕོ་སྲབ་མེད་ཅིག་ཡིན་ན།

ཚེར་ཤུག        2020-04-23

   ང་རང་མི་ཡུལ་དུ་འོང་དུས་ནས་མི་ཟས་བཟས་ཤིང་མི་གོས་གོན། ང་རང་ལ་གོན་པ་མེད་ཚེ་སྐོག་སྲབ་པའི་རྟ་ཕོ་བཞིན། འཚོ་མི་ནུས་པར་སྔོན་ཞིག་ནས་གྲོས་ཆོད་ཟིན་ཨང་།

   ང་རང་ལ་ལམ་ཞིག་ཀྱང་གྲབས་ཏེ། དེ་ནི་སྔོན་གྱི་མེས་པོ་དག་བགྲོད་པའི་ཤུལ་ལམ་དུ། ངས་རྐང་རྗེས་ཀྱི་དྲི་མ་སྣོམ་གྱིན་ཚད་ལ་མ་གཡོས་པར་བཞུད་ན་མི་འཆུག་ཅིང་བདེ་འཇགས་ཅན་ཞེས་པའི་སྒྲས་བདག་གི་རྣ་བར་གཟན་ཏེ། ཟྭ་ནི་བདག་གི་བླག་པའི་རྣ་བའི་སྒོ་རུ་ཤུགས་ཀྱིས་འཛེགས།

   ང་ནི་སུས་ཀྱང་བྲོས་མ་མྱོང་བའི་རི་བོ་དང་ལུང་པ་ཞིག་ནས་བཤུལ་ལམ་བཏོད་དེ། རྐང་རྗེས་གསར་པ་རེ་སྤར་ན་འདོད།  དེ་ནི་ང་རང་འགྲོ་འདོད་པའི་ལམ་བུར་ཆས་སྟངས་ཤིག

   ང་རང་སྐྱེས་ཙམ་ནས་གཤོག་པ་གླེང་མྱོང་། རྟ་ཕོའི་གཤོག་པ་གླེང་མྱོང་། རྟ་ཕོའི་གཤོག་པ་ལ་འཇིག་རྟེན་གྱི་ནམ་མཁའ་བསྐོར་བའི་བང་རྩལ་ཡོད། ཡིན་ནའང་། ཕལ་ཆེར་གྱི་རྟ་ཕོས་ལ་ལུང་ཞིག་གི་ནམ་མཁའ་ཙམ་བཅད་ནས་མཐའ་མཇུག་གི་གཤོག་སྒྲོ་ས་རུ་བརྡབས། འདི་ནི….

  ང་ལའང་རྐང་ལག་ཡོད། ཡིན་ནའང་། རྟ་ཕོ་ལྟ་བུ་མགྱོགས་རྩལ་མེད། ད་དུང་རྟ་ཕོ་རྟོད་ཐག་ཅན་བཞིན་གྲོག་རོང་ཞིག་གི་མཁའ་དབུགས་ཀྱིས་འཚོ། འདི་དང་སྐྱེ་བའི་དུས་ཚོད་ཁེལ་བས་ཁ་འབྲལ་མི་ཆོག་པའི་བཀའ་རྒྱ་ལྟ་བུས་མནན།

   འཕྲལ་ཟིན་པ་དག་གིས་རྒྱང་རིང་ནས་དྲན་པ་སྐྱ་བོས་བདག་གིར་འཛིན་པའི་སྐུད་པ་འཐེན་གྱིན། ཡང་བསྐྱར་དུ་འདུ་བར་འབད་པ་ཁྲིམས་དང་མཚུངས་པ་ཞིག་གིས་བཅིངས་པས།བདག་ནི་ནེམ་ནེམ། སྦུད་པ་ཞིག་དང་མཚུངས།

རྡོ་སྐུ་འདྲ་བའི་ང་ཡི་ལུས་ངག་ཡིད་གསུམ། ཅི་ཡང་བྲལ་བའི་སྟོང་པ་རུ་ཆས་འདོད་གདའ་ཡང་། སྐྱེས་ཙམ་ནས་ཤ་ཁྲག་བསྡུས་གཟུགས་གྲུབ་པའི་རྐྱེན་པའམ། སྐྱེས་ཙམ་ནས་བདག་ལ་གཉོར་མཁན་གྱི་ཕ་མ་གནས་པས་དབང་། བདག་ནི་ཕ་མའི་པང་ལས་བཀྱེད་ཐབས་ཕྲ།

    ང་རང་རྟ་ཕོ་སྲབ་མེད་ཅིག་ཡིན་ན། སུས་ཀྱང་ཁ་ལོ་འདུལ་མེད། སྟེང་དུ་རྫི་མཁན་དཀོན་ལ་འཕར་སྤྱང་གིས་འགུམ་པའི་སེམས་ཁྲལ་བགྱི་བའི་བདག་པོའང་དབེན། སྒ་དང་སྲབ་དང་རྟོད་ཐག་ཅེས་པའི་ཡོད་བྱད་མི་དགོས། ནམ་མཁའ་གཤགས་པའི་གཤོག་རྩལ་རྒོད་ཅིང་སྙིང་སྟོབས་ཀྱི་ཧམ་སྒྲ་བཀུག་ངེས། ང་ཡི་རྐང་ལག་རང་དབང་གི་རྐང་ལག་གནས།

   སྐྱེས་དུས་ཀྱི་རྩྭ་ཐང་བོར་བརླག་སོང་བ་ཤེས་ནའང་། ཕྱིར་ལོག་བྱ་མི་སྲིད། ངས་མ་གཞི་ནས་སྟོན་ལོ་རླུང་གིས་སྤུར་བའི་ཆོས་ཉིད་རྟོགས་ཡོད་སྲིད།

   ང་རང་རྟ་ཕོ་སྲབ་མེད་ཅིག་ཡིན་ན…

        

  • ལེ་ཚན་སྔོན་མ།:བདག་གི་ངོ་གདོང་།
  • ལེ་ཚན་རྗེས་མ།:བསྐྱུར་ཞོག