གནམ་མཚོ་ནི་སུ་ཞིག་གི་མིག་ཆུ་ཡིན།

ཤར་ཚ།        2017-05-15

ཁ་བ་ལེབ་མོ་ཞིག་རྣམ་ཤེས་ལྟར་འཁོར་བར་འཁྱམས་དུས།

བུ་ཡུག་བཙན་པོ་ཞིག་གཤིན་འདྲེ་ལྟར་མི་ཡུལ་མྱུལ་དུས།

སྐམ་རིད་ཤོར་བའི་དགུན་གཞུང་འདིའི་བྲང་ཁ་ན།

ནུབ་མཁའི་ཉི་མ་ལ་གཏད་པའི།

འདར་སིག་སིག་གི་གཉེན་ཆེན་ཐང་ལྷ།

སུ་ཞིག་གི་སེམས་པར་སྐྱེས་པའི་ཆུ་འབུར་ཡིན།

འབྲུག་སྒྲ་བཙན་པོ་ཞིག་ཆོ་འཕྲུལ་ལྟར་རྒྱང་ནས་གྲགས་དུས།

སེར་རྒོད་ངར་མ་ཞིག་གདོན་འདྲེ་ལྟར་ཀུན་ནས་འཚུབ་དུས།

བརླན་གྱིས་བཟས་པའི་ལུང་པ་འདིའི་བྲང་གཞུང་ན།

ཟླ་བ་ཁེར་བགྲོད་ལ་རེ་བའི།

གྲང་ཅང་ཅང་གི་གནམ་མཚོ་ཕྱུག་མོ་འདི།

སུ་ཞིག་གི་སེམས་པར་བརླན་པའི་མིག་ཆུ་ཡིན།


  • ལེ་ཚན་སྔོན་མ།:སེམས་པ་དལ་གྱིས་སྒུལ་བྱུང་།
  • ལེ་ཚན་རྗེས་མ།:ལྷོད་ལ་བབ་སྟངས་ཤིག