ལོ་ཟླ་བཞུད་སོང་།

ཟམ་ཚའི་ཀླུ་འབུམ་ཚེ་རིང་།        2020-04-10


ངལ་དུབ་དང་སེམས་ཁྲེལ་གང་མང་གི་ཁ་སང་།ཡང་ན་རེ་བ་དང་ཕུགས་འདུན་གྱིས་བསྐྱངས་བའི་ལོ་ཟླ་དེ་དག་གང་ནས་མགོ་རྩོམ་དགོས་པའང་མི་ཤེས།རང་དབང་གི་ནམ་མཁའ་ནས་ལྡིང་བསྐོར་བརྒྱབ་ནས་ས་ཆེན་གྱི་གོང་ཁ་དང་ཆུ་ཆེན་གྱི་རབ་ཁ་འགྲིམས།འོན་ཀྱང་།འདས་སོང་གི་ལོ་ཟླས་ང་ལ་གནང་བ་ནི་ཅི་ཞིག་བོར་སོང་བ་དང་འདྲ་བའི་ན་ཟུག་ཅིག་དང་།གང་ཞིག་བརྗེད་སོང་བ་དང་འདྲ་བའི་སེམས་ཁྲལ་ཉིད།གང་ལྟར།ལོ་ཟླ་བཞུད་སོང་།གཙང་བོ་བྲུག་སོང་།


དུས་ཚིགས་ཀྱི་རེས་མོས་བར་ནས་ངས་དཔྱིད་ཀ་ནི་རེ་བར་སྦྲུམ་ཞིང་།དབྱར་ཟླ་ནི་མཛེས་སྡུག་ཏུ་སྒོམ།སྟོན་ཁ་ནི་ཆོས་ཉིད་ཀྱི་བདེན་པར་རློམ་ཞིང་།དགུན་ཟླ་ནི་མི་ཚེ་ཡི་བརྒྱུད་རིམ་དུ་རྟོགས།

ཐོབ་ཤོར་ལེགས་ཉེས་ཀྱི་དགེ་སྡིག་གི་སྤང་བླང་བར་ནས་ཅི་ཞིག་འཚོལ་དགོས་པའི་འགན་འཁྲི་ཞིག་དང་།གང་ཞིག་རྙེད་མེད་པའི་སེམས་འགྱུ་མག་མོག་ཅིག

གང་ལྟར།ལོ་ཟླབཞུད་སོང་།བྱ་ཁྱུ་འཕུར་སོང་།


དུངས་སེམས་ཀྱིས་བསླུས་པའི་འཇིག་རྟེན་འདིའི་དཀར་ངོགས་ནས་ངས་བདེན་པ་གཙིག་ཏུ་བཀུར་ཞིང་རྒྱུ་འབྲས་མིག་ལྟར་གཅེས་བཞིན་རྨི་ལམ་དུ་བརྩེ་བ་རུམ་མྱོང་།

མུན་ནག་པའི་མཚན་ལྗོངས་འདིར།རབ་དཀར་ཁ་བའི་འདབ་མས་ངའི་མིག་འདུན་གྱི་བགྲོད་ལམ་བཀག

གང་ལྟར།ལོ་ཟླ་བཞུད་སོང་།ཁ་བ་བབས་བྱུང་།


ལས་ཀྱི་སྨོན་པ་བག་ཆགས་ཀྱི་མཁའ་དབྱིངས་སུ་འཛུམ་དུས་ངའི་རེ་སྒུག་དང་མིག་ཆུ།དབྱར་ཟླ་དྲུག་པའི་སྤང་ཐང་བཞིན་མཛེས་ཤིང་སྡུག་ལ།གཡའ་དག་པའི་ནམ་མཁའ་བཞིན་སྔོ་ཞིང་དྭངས།

གང་ལྟར།ལོ་ཟླ་བཞུད་སོང་།ལུག་ཁྱུ་ཞོགས་སོང་།


དྲན་པའི་རེ་སྒུག་གི་ཞེན་ཆགས་བར་ནས་ངས་ངག་གི་སྨྲ་སྒོ་ངོ་ཚའི་སྒྲོག་གིས་མ་བཅིངས་བར་ཁྱོད་ལ་བསྒུག་ཡོད།དུས་ཡུན་རིང་བའི་ལོ་ཟླ་ག་ཙམ་ཕྱིན་སོང་།

གང་ལྟར།ལོ་ཟླ་བཞུད་སོང་།སྐྱ་མདའ་བཀྱགས་སོང་།

   


  • ལེ་ཚན་སྔོན་མ།:ཞིང་གྲོང་གི་དཔྱིད་ཀ།
  • ལེ་ཚན་རྗེས་མ།:ཁྱེད་ཚོ་བདེ་མོར་ཕེབས་རོགས།