ཚེ་གཅིག་སྤྲོ་བས་ཕྱུག་པའི་བྱ་གཞག་ནི།།བོད་ལུགས་གསོ་རིག་འགྲོ་ཕན་སྒྲུབ་ལ་བརྩོན།།

དབྱངས་ཅན་གྱིས་བྲིས།        2020-04-10

     ཧེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་གྱི་སྡེ་དགེའི་བོད་ལུགས་གསོ་རིག་སྨན་ཁང་གི་འགོ་གཙོ་བསོད་ནམས་ཆོས་འཕེལ་གྱི་གནས་ཚུལ་རགས་བཀོད།

ཚེ་གཅིག་སྤྲོ་བས་ཕྱུག་པའི་བྱ་གཞག་ནི།།བོད་ལུགས་གསོ་རིག་འགྲོ་ཕན་སྒྲུབ་ལ་བརྩོན།།

ཏོག་གསར་གློ་རིམས་འགོག་བཅོས་ལ།།

རང་ནུས་རྩལ་སྤྲུགས་རོགས་སྐྱོར་བྱས།།

རིམས་འགོག་ཁྲོད་དུ་བོད་སྨན་གྱི།།

སྐད་གྲགས་སྔར་ལས་ཆེ་རུ་བཏང་།།

     སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་དཀར་མཛེས་ཁུལ་གྱི་ཏོག་གསར་གློ་རིམས་བྱུང་ཁུལ་དུ་བོད་ལུགས་གསོ་རིག་གི་རིམས་འགོག་བསྡེབས་སྨན་བེད་སྤྱོད་བཏང་ཚུལ་སྐོར་ལ་ཆེད་དུ་བརྒྱབ་པའི་ཁ་པར་དེ་ཧེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་གྱི་སྡེ་དགེའི་བོད་ལུགས་གསོ་རིག་སྨན་ཁང་གི་འགོ་གཙོ་བསོད་ནམས་ཆོས་འཕེལ་གྱི་སྙན་ལམ་དུ་ཐོས་མ་ཐག་ཁོང་གི་སེམས་པ་བདེ་ཞིང་ལྷོད་པོར་གྱུར་པ་རེད། བོད་སྨན་གྱི་རིམས་འགོག་བསྡེབས་སྨན་བཏང་ཚུལ་དུས་ཐོག་ཏུ་བསོད་ནམས་ཆོལ་འཕེལ་ལ་བཤད་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། མ་གཞི་བསོད་ནམས་ཆོས་འཕེལ་གྱིས་ཏོག་གསར་གློ་རིམས་བྱུང་བའི་དུས་རིམ་སྔ་མར་ཧ་ཨེར་པིན་ནས་ཕ་ཡུལ་སི་ཁྲོན་ཁྲེང་ཏུའུ་ལ་ལོག་ནས་ཟླ་བ་གཅིག་ལྷག་གི་རིང་ལ་ཁོ་རང་གིས་ཅི་འདྲ་བྱས་ནས་རིམས་འགོག་གི་ཞལ་འདེབས་དངོས་རྫས་བསྡུ་གསོག་བརྒྱག་དགོས་པའི་སྐོར་བསམ་བློ་ཡང་ཡང་བཏང་ནས་ཁུལ་དང་གྲོང་རྡལ་སོ་སོའི་རིམས་ནད་མཆེད་ཁུལ་དུ་ཡར་མར་རྒྱུག་བཞིན་ཡོད། ཧེ་ལུང་ཅང་ཧ་ཨེར་པིན་སྡེ་དགེའི་བོད་ལུགས་གསོ་རིག་སྨན་ཁང་དེ་སྐབས་འདིར་གུང་གསེང་བཏང་ཚར་ན་ཡང་བསོད་ནམས་ཆོས་འཕེལ་ཁོང་རང་སྨན་པ་ཞིག་ཡིན་པའི་ཆ་ནས་རིམས་ནད་མཆེད་མྱུར་བའི་གནས་ཚུལ་མཐོང་དུས་ཇི་མི་སྙམ་པ་བསྡད་རྒྱུའི་རང་འདོད་རིང་དུ་དོར་ཏེ་ཕྱོགས་གཅིག་ནས་མ་དངུལ་རག་ཐབས་བྱས་ཏེ་རྒྱལ་ཕྱི་ནང་ནས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དམངས་སྤྱོད་འགོག་སྲུང་དངོས་རྫས་ཉོ་སྒྲུབ་བྱས་རྗེས་ཝུའུ་ཧན་དང་། ཧ་ཨེར་པིན། སི་ཁྲོན་སོགས་ལ་བྱིན་པ་དང་། ཕྱོགས་གཞན་ནས་རིམས་ནད་ཕོག་ཁུལ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རོགས་སྐྱོར་ལས་ཀར་བྲེལ་བ་རེད། མ་དངུལ་གསོག་འཇོག་བྱེད་པའི་ཉིན་ཉི་ཤུ་ལྷག་གི་རིང་ལ་རླངས་འཁོར་བཏང་ནས་སྤྱི་ལེ་ལྔ་སྟོང་ལྷག་བསྐྱོད་པའི་གནས་ཚུལ་དེ་དྲན་དུས་ཁོང་རང་ཉིད་ཀྱིས་ཀྱང་བདེན་མི་འཇོག་པ་འདྲ་པོ་རེད་འདུག རིམས་འགོག་རོགས་སྐྱོར་གྱི་ལས་དོན་ལ་བྲེལ་ཞོར་དུ་བསོད་ནམས་ཆོས་འཕེལ་གྱིས་ད་དུང་འཆར་གཞི་ཞིག་གཏན་འབེབས་བྱས་པ་སྟེ། ཁོང་གིས་མེས་པོ་གོང་མའི་གཅེས་ནོར་སྨན་གཞུང་ཁག་ལ་རེ་རེ་བཞིན་ཞིབ་འཇུག་ཞིབ་ཚགས་གནང་ཞིང་། ལོ་ངོ་ཉི་ཤུའི་རིང་གི་ནད་ཐོག་སྨན་བཅོས་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག ས་སི་གློ་རིམས་བྱུང་སྐབས་བོད་སྨན་སྤྱད་དེ་རིམས་ནད་བདེ་བླག་ངང་འགོག་པའི་མྱོང་བ་ལ་གཞིགས་མཐར་ཏོག་གསར་གློ་རིམས་འགོག་པར་ཕན་ནུས་རང་བཞིན་ཡོད་པའི་བོད་ལུགས་བསྡེབས་སྨན་ཞིབ་འཇུག་བྱས་རྗེས། རིམས་འགོག་བསྡེབས་སྨན་བཟོས་ཏེ་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་འོས་སྦྱོར་བྱས་པ་རེད། དེ་ནས་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེན་པོ་བཞིའི་ཡ་གྱལ་དུ་གྱུར་པའི་བོད་ལུགས་གསོ་རིག་འདིས་ཀྱང་ཏོག་གསར་གློ་རིམས་འགོག་རྒོལ་བྱེད་པའི་ཁྲོད་དུ་བྱས་རྗེས་གསར་པ་འཇོག་པར་མཐུན་རྐྱེན་གང་ལེགས་བསྐྲུན་པ་རེད།

ཚེ་གཅིག་སྤྲོ་བས་ཕྱུག་པའི་བྱ་གཞག་ནི།།བོད་ལུགས་གསོ་རིག་འགྲོ་ཕན་སྒྲུབ་ལ་བརྩོན།།

     སྤྱི་ཟླ2པའི་ཟླ་སྟོད་དུ་བསོད་ནམས་ཆོལ་འཕེལ་གྱིས་མ་བསྐུལ་དང་ལེན་ངང་སི་ཁྲོན་ཞིང་ཆེན་རྒྱ་སྨན་སྨན་རྫས་དོ་དམ་ཅུས་དང་། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དང་འབྲེལ་བ་བྱས་ནས། བོད་སྨན་གྱིས་དབུགས་ལམ་མ་ལག་གི་ནད་རིགས་སྨན་བཅོས་བྱེད་པའི་ཕན་ནུས་དང་ལམ་ལྷོང་བྱུང་བའི་དཔེ་མཚོན་ངོ་སྤྲོད་བྱས་པ་དང་ཆབས་ཅིག ལེགས་སྒྲིག་བྱས་པའི་སྨན་ཐོ་འབྲེལ་ཡོད་སྡེ་ཁག་ལ་སྤྲད་པ་རེད། སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་བསོད་ནམས་ཆོས་འཕེལ་གྱི་ཆེད་ལས་བསམ་འཆར་ལ་ཧ་ཅང་མཐོང་ཆེན་བྱས་ནས་ཚོགས་འདུ་འཚོགས་ཏེ་གྲོས་བསྡུར་བྱས་པར་བརྒྱུད་སི་ཁྲོན་རྔ་བ་ཁུལ་དང་དཀར་མཛེས་ཁུལ་དུ་སྔོན་ལ་བོད་སྨན་གྱིས་ཏོག་གསར་གློ་རིམས་ཕོག་པའི་ནད་པར་སྨན་བཅོས་བྱ་རྒྱུའི་ཐག་བཅད་པ་རེད། དེ་ནས་སི་ཁྲོན་ཞིང་ཆེན་རྒྱ་སྨན་སྨན་རྫས་དོ་དམ་ཅུས་དང་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་ཁ་པར་བརྙན་འཕྲིན་གྲོས་ཚོགས་འཚོགས་རྗེས། ཡིག་ཆ་བཀྲམ་ནས་རིམས་འགོག་ལས་ཀའི་ཁྲོད་དུ་བོད་སྨན་སྤྱད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

     བསོད་ནམས་ཆོས་འཕེལ་གྱིས་རང་གིས་འོས་སྦྱོར་བྱས་པའི་རིམས་འགོག་འཆར་འགོད་ལ་ཡིད་ཆེས་ཧ་ཅང་ཆེན་པོ་གནང་གི་ཡོད་ཅིང་། གང་རེད་ཟེར་ན། བོད་ཀྱི་གསོ་རིག་བསྟན་བཅོས་སུ་བོད་ལུགས་གསོ་རིག་སྨན་རྫས་ཀྱིས་རིམས་ནད་ཆེ་གྲས་ཐེངས9ལས་རྣམ་པར་རྒྱལ་མྱོང་པའི་ཟིན་ཐོ་བཀོད་ཡོད་ལ། དུས་རབས12པར་གུ་གེ་ཆིག་སྒྲིལ་གྱི་སྨན་གྱི་སྦྱོར་བས་ནད་ཡམས་བཅོས་པ་དང་། 1959ལོའི་བོད་ལུགས་གསོ་རིགས་སྨན་བཅོས་རུ་ཁག་གིས་ནག་པོ་དགུ་སྦྱོར་གྱི་བསུང་ཁུག་དང་རིན་ཆེན་མང་སྦྱོར་སོགས་བོད་སྨན་གྱིས་བོད་ལྗོངས་རང་སྐྱོང་ཁུལ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་རིམས་ནད་འགོག་རྒོལ་བྱས་མྱོང་ལ། དེང་གི་ཆ་ལ་ཡང2003ལོར་ས་སི་གློ་རིམས་འགོག་རྒོལ་བྱེད་པའི་ཁྲོད་བོད་སྨན་གྱིས་བྱས་རྗེས་ཆེན་པོ་བཞག་མྱོང་བ་རེད། བསོད་ནམས་ཆོས་འཕེལ་གྱིས་ལོ་ཉི་ཤུའི་རིང་ལ་ནད་ཐོག་སྨན་བཅོས་བྱས་པའི་ཉམས་མྱོང་ཁྲོད་བོད་སྨན་གྱིས་དབུགས་ལམ་མ་ལག་གི་ནད་རིགས་སྨན་བཅོས་བྱས་ནས་ཕན་འབྲས་ཐོན་པའི་བདེན་དཔང་བྱེད་ཐུབ་ཀྱི་ཡོད་ལ། ཁོང་ལ་བོད་སྨན་གྱིས་ཏོག་དབྱིབས་གློ་ཚད་ནད་དུག་གསར་པས་བསླངས་པའི་དབུགས་ལམ་མ་ལག་གི་ནད་རིགས་བཀག་འགོག་བྱེད་ཐུབ་པའི་ཡིད་ཆེས་དེ་བས་ཆེན་པོ་ཡོད་པ་རེད།

ཚེ་གཅིག་སྤྲོ་བས་ཕྱུག་པའི་བྱ་གཞག་ནི།།བོད་ལུགས་གསོ་རིག་འགྲོ་ཕན་སྒྲུབ་ལ་བརྩོན།།

བོད་ཀྱི་ཕོ་རྒོད་སྤོབས་སེམས་ཆེ།།

བོད་ལུགས་གསོ་རིག་འཛིན་སྐྱོང་སྤེལ།།

བོད་ཀྱི་ཕུགས་ནོར་གསོ་རིག་མཆོག།

བོད་དང་འཛམ་གླིང་ནད་པའི་མགོན།།

     དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ཁ་པར་ཐོག་ནས་བཤད་དོན། བོད་ལུགས་གསོ་རིག་སྨན་རྫས་ཀྱིས་ཏོག་གསར་གློ་རིམས་སྨན་བཅོས་བྱས་རྗེས་ཕྱོགས་ཀུན་ནས་ཕན་འབྲས་ཡག་པོ་འདུག ནད་རྟགས་མེད་པའི་ནད་དུག་ཕོག་མཁན་གྱིས་བོད་སྨན་གློ་རིམས་ཀུན་སེལ་མ་བཏུང་རྗེས། CTཐོག་ནས་ལྟ་དཔྱད་བྱེད་སྐབས་གློ་བའི་གཉན་ཚད་ཇེ་ཡང་དུ་གྱུར་ཟིན་པའི་མཇུག་འབྲས་བླངས་པ་རེད། ནད་པ་དང་འབྲེལ་འདྲིས་ཆེ་བའི་སྨན་ཁང་དུ་བསྡད་དེ་ལྟ་དཔྱད་བྱེད་བཞིན་པའི་མི་སྣས་ཀྱང་བོད་སྨན་འཐུང་བཞིན་ཡོད། མི་སེར་ཚོས་ཏོག་གསར་གློ་རིམས་འགོག་བྱེད་ཀྱི་ཆེད་ལས་བོད་སྨན་འཐུང་ཐུབ་པར་ཁག་ཐེག་བྱེད་ཆེད། ཁྱེད་རང་གིས་ངོ་སྤྲོད་བྱས་པའི་ཏོག་གསར་གློ་རིམས་འགོག་བྱེད་ཀྱི་བོད་སྨན་ཡང་སི་ཁྲོན་བོད་ཁུལ་གྱི་སྤྱི་ཁུལ་སོ་སོར་སྤྲད་ཟིན་པ་ཡིན་ཞེས་པའི་སྐད་ཆ་འདི་ཐོས་སྐབས་བསོད་ནམས་ཆོས་འཕེལ་བློ་སེམས་ཧ་ཅང་བདེ་པོ་བྱུང་།

བོད་ལུགས་སྨན་རྫས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་ཕན་འབྲས་དེ་ལྟར་ཡོད་པ་དེས་བོད་ལུགས་སྨན་རྫས་ཀྱིས་རིམས་ནད་འགོག་པའི་ལས་གཞི་འཛུགས་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། བོད་ལུགས་གསོ་རིག་རྒྱུད་འཛིན་དང་དར་སྤེལ་གཏོང་བར་དོན་དངོས་ཀྱི་བྱ་བ་ཞིག་བསྒྲུབས་ཐུབ་སོང་བས་བསོད་ནམས་ཆོས་འཕེལ་ལ་དགའ་སྤྲོ་དཔག་མེད་སྐྱེས། བསོད་ནམས་ཆོས་འཕེལ་གྱི་སེམས་སུ་རིམས་ནད་སྣ་ཚོགས་དང་འཕྲད་དུས་སྔོན་བྱོན་མཁས་དབང་དག་གིས་བོད་ལུགས་གསོ་རིག་གི་དམིགས་བསལ་དགེ་མཚན་སྔོག་འདོན་དང་འདོན་སྤེལ་བྱས་ཐོག མི་སེར་ལ་ཕན་པའི་བྱམས་སེམས་བཅངས་ནས་སྨན་བཅོས་ལག་རྩལ་འཇོན་ནུས་ལ་བརྟེན་ནས་རིགས་སྣ་ཚོགས་ཀྱི་ནད་ཡམས་ལ་དཀའ་སྤྱད་ཚད་མེད་ཀྱིས་འགོག་རྒོལ་བྱས་མཐར། བོད་ཀྱི་གསོ་རིག་གིས་རིམས་ནད་འགོག་རྒོལ་བྱེད་པའི་མཛད་རྗེས་ཆེན་པོ་བཞག་པར་མ་ཟད། རིམས་ནད་སྔོན་འགོག་དང་། ནད་གཞི་བརྟག་དཔྱད། སྨན་བཅོས་སོགས་སྐོར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཕྱོགས་བསྡུས་བྱས་ཡོད་པ་རེད། ཡིན་ནའང་ཉམས་མྱོང་ཕུན་སུན་ཚོགས་པ་འདི་དག་ཟུར་དུ་བེད་མེད་དུ་མི་བསྐྱུར་ནས་ཡངས་ཁྱབ་ཏུ་བེད་སྤྱོད་དང་རྒྱུད་འཛིན་ཡག་པོ་བྱ་དགོས་པ་རེད། བསོད་ནམས་ཆོས་འཕེལ་ནི་བོད་ལུགས་གསོ་རིག་སྨན་པ་གྲགས་ཅན་གྱི་ཁྱིམ་ཚང་དུ་སྐྱེས་པ་ཡིན་ཞིང་། ལོ་དྲུག་ནས་བཟུང་གསོ་རིག་སྦྱོང་བ་དང་དེ་ནས་བཟུང་ཁོང་གིས་མི་རིགས་ཀྱི་གསོ་རིག་དར་སྤེལ་གཏོང་བའི་འགན་འཁྲི་ཕྲག་ཏུ་འཁུར་འགོ་ཚུགས་ཏེ་དུས་ཡུན་རིང་པོ་ཅི་ཙམ་སོང་ཡང་འགན་འཁྲི་ལྕི་པོ་དེ་ཡེ་ནས་བརྗེད་མ་མྱོང་བ་རེད། 

 

ཚེ་གཅིག་སྤྲོ་བས་ཕྱུག་པའི་བྱ་གཞག་ནི།།བོད་ལུགས་གསོ་རིག་འགྲོ་ཕན་སྒྲུབ་ལ་བརྩོན།།

  རང་རེའི་མི་རིགས་ཀྱི་གསོ་རིག་གིས་གནམ་འོག་གི་ནད་པ་ཡོད་ཚད་ལ་སྨན་བཅོས་བྱེད་པ་ནི་ང་རང་གི་ཚེ་འདིའི་ཆེས་བདེ་སྐྱིད་ཀྱི་བྱ་བ་ཞིག་ཡིན་ཞེས་པ་ནི་དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་སྲིད་གཞུང་གི་ཚབ་བྱས་ནས་བསོད་ནམས་ཆོས་འཕེལ་ལ་བཀའ་དྲིན་ཆེ་ཞུ་སྐབས་བསོད་ནམས་ཆོས་འཕེལ་གྱིས་ལན་དེ་ལྟར་གནང་བ་རེད། དངོས་གནས་དེ་ལྟར་ཡིན་འདུག 1999ལོར་བསོད་ནམས་ཆོས་འཕེལ་གྱིས་མི་རིགས་ཀྱི་གསོ་རིག་དར་སྤེལ་གཏོང་བ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བཅངས་ནས། མེས་རྒྱལ་བྱང་རྒྱུད་ཀྱི་འཁྱག་རམ་གྲོང་ཁྱེར་ཞེས་མིང་ཐོབ་ཡོད་པའི་ཧ་ཨེར་པིན་གྲོང་ཁྱེར་དུ་གཏན་སྡོད་བྱས་ཏེ་བོད་ཀྱི་གསོ་རིག་སྨན་བཅོས་དེ་ནང་ལོག་ས་ཁུལ་དུ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཆེན་པོ་ཐེབས་སུ་འཇུག་ཆེད། བོད་ཀྱི་གསོ་རིག་སྨན་ཁང་ཧ་ཨེར་པིན་སྡེ་དགེའི་བོད་སྨན་ཁང་དེ་གསར་འཛུགས་བྱས་པ་རེད། ཁོང་གིས་རྒྱལ་དབང་ཁེ་ལས་ཀྱི་གཟིགས་སྐྱོང་གླ་ཕོགས་ཡག་པོ་བསྐྱུར་ནས་ཨུ་ཚུགས་ཀྱིས་ཆ་རྒྱུས་མེད་པའི་ས་ཆར་སོང་བའི་བྱ་སྤྱོད་དེར་གཉེན་ཉེ་གྲོགས་པོ་ཚོས་བསམ་ཤེས་མི་བྱེད་པ་རེད། ཧ་ཨེར་པིན་གྲོང་ཁྱེར་དུ་བསླེབས་རྗེས་ཀྱང་ཡུལ་དེའི་མི་ཚོས་ངོས་ལེན་མི་བྱས་པའི་ཁར་ཁོང་རང་དང་ཁོང་གི་ལས་སྒྲུབ་ཚོགས་པ་ནི་སྨན་པ་རྫུན་མ་དང་འཁྱམ་པོར་ངོས་འཛིན་བྱེད་བཞིན་ཡོད་སྟབས། བྱ་བ་དེ་འགོ་འཛུགས་པར་ཧ་ཅང་དཀའ་ཚེགས་ཆེ་བ་རེད། སྨན་ཁང་བཙུགས་ནས་ལོ20རིང་ལ་བསོད་ནམས་ཆོས་འཕེལ་གྱིས་མི་རིགས་ཀྱི་གསོ་རིག་ལ་དགའ་ཞེན་དང་དམིགས་བསལ་གྱི་བོད་ལུགས་གསོ་རིག་སྨན་ལུམས་དང་བོད་ལུགས་གསོ་རིག་སྨན་བཅོས། དེར་མ་ཟད་བོད་ལུགས་གསོ་རིག་གི་ལུས་ཁམས་བདེ་སྲུང་བྱེད་པ་སོགས་ལ་བརྟེན་ནས། ནད་པ་དེ་བས་མང་པོའི་ཡིད་དབང་འཕྲོག་ནས་སྨན་བཅོས་བྱེད་སར་འོང་བ་དང་། གཅིག་གིས་བཅུ་ལ་བཤད། བཅུ་ཡིས་བརྒྱ་ལ་བཤད་ནས་ཧ་ཨེར་པིན་སྡེ་དགེའི་བོད་སྨན་ཁང་དུ་རིམ་བརྩིས་ཀྱིས་ནད་པ་ས་ཡ་ལས་བརྒལ་བར་སྨན་བཅོས་བྱས་ཡོད་དོ།། 

 


  • ལེ་ཚན་སྔོན་མ།:ཏོག་གསར་གློ་ཚད་སྐབས་ཀྱི་སེམས་གསོ་མུན་སེལ་སྒྲོན་མེ།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་བོད་སྨན་རྩིས་ཁང་དང་སྨན་ལས་པ་ཀརྨ་ལགས་ཀྱི་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།