དེ་རིང་ངས་ཁྱེད་ཀྱི་རྒྱབ་གཟུགས་མཐོང་བྱུང་།

ཀྱེ་ཕུར་མཆོག་གསུམ།        2020-04-09

    མི་ཚོགས་ཀྱི་མཚམས་སྤྲིན་ལྷོ་རུ་བཞུད་ཤུལ་ནས། ངས་ཁྱེད་ཀྱི་འཇའ་ཚོན་འདྲ་བའི་རྒྱབ་གཟུགས་མཐོང་སོང་། རླུང་གིས་སྐྱོད་པའི་མགོ་དཀྲིས་གློ་ཁ་ཞིག ང་ཡི་མིག་ལམ་ནས་ཡང་ཡང་གཡོས་ཏེ། འདས་དོན་གྱི་ཆུ་མིག་ཅིག་སྙིང་ལ་ག་ལེར་བརྡོལ་སོང་། དེ་ནི་དངོས་གནས་ཁྱེད་ཡིན་ནམ། ཁྱེད་ཀྱི་གསལ་གསལ་དག་དག་གི་རྒྱབ་གཟུགས་ཡིན་ནམ། མྱི་ཁ་དང་བཤད་ཡམས་ཀྱི་མཆེ་བ་རྣོ་བའི་མི་ཚོགས་གསེབ་ནས། ངས་ཁྱེད་ལ་ཡང་ཡང་ལྟ་མ་ཕོད།

ཡང་ན་ཁྱེད་ཀྱི་རྒྱབ་གཟུགས་ནི་རྒྱང་རིང་གི་མཁའ་མཐར་འཚེར་བའི་མཚམས་སྤྲིན་གྱི་ཞལ་རིས་དེ་ཡིན་ནམ། ནམ་མཁའི་དགུ་ཚིགས་ལ་འཁྱིལ་བའི་སྐར་ཚོགས་ཀྱི་འདྲི་རྟགས་ཀུག་ཀུག་དེ་ཡིན། ཉི་ཟེར་གྱིས་ལག་པ་གྲབ་གྲབ་བརྐྱངས་ཏེ་སུ་ཞིག་འཛིན་པར་རྩོམ་དུས། ཟླ་འོད་ཀྱིས་འཛུམ་ཆུང་དམུལ་ལེར་སྟོན་གྱིན་སུ་ཞིག་བསླུ་བར་རྔམ་དུས། ངས་དུས་ཚོད་ཀྱི་ཞལ་ཁེབས་ཡར་བཀྱགས་ཏེ་ཁྱེད་ཀྱི་རྒྱབ་གཟུགས་ལ་ཅེར་ཡོད། སྐྲ་ལོ་ཞིབ་བུར་བསླེས་ཏེ་མགོ་དཀྲིས་གློ་ཁ་དཀྲིས་པའི་འབྲོག་མོ་ཁྱེད།ངའི་འདས་དོན་གྱི་ཞིང་ལ་ཡང་ཡང་འཁོར་ཡོང་།

    ཞོགས་པ་དེར་ཁྱེད་རང་རླུང་བུས་དལ་བུར་བསྒུལ་ཏེ་ང་ཡི་ཉེ་དྲུང་དུ་འབྱོར་ཅིང་། ཕྱི་དྲོ་དེར་ཁྱེད་རང་རླུང་བུས་ག་ལེར་སྒུལ་གྱིན་ང་ཡི་སྙིང་དབུས་ནས་གྱེས་དུས། སྟག་དམར་ཡག་རྒྱབ་ཀྱི་ཐིག་ལེ་བཞིན་ཅིས་ཀྱང་གསུབ་ཐབས་བྲལ་བ་ནི་ཁྱེད་ཀྱི་རྒྱབ་གཟུགས་རེད། དགུང་ཉི་མའི་མདངས་ཀྱི་ལག་གཡུག་བཞིན་ནམ་ཡང་ཡལ་ཐབས་མེད་པ་དེ་ཁྱེད་ཀྱི་འཛུམ་ཆུང་རེད།

    དེ་རིང་ངས་ཡང་བསྐྱར་ཁྱེད་ཀྱི་རྒྱབ་གཟུགས་མཐོང་བྱུང་། མགོ་དཀྲིས་གློ་ཁ་དེ་སྔར་བཞིན་རླུང་ཁར་གཟེངས་ཤིང་མྱི་ཁར་སྐྱོད་ཀྱིན་འདུག བུ་མོ་ཞིག་གི་ལས་དབང་གཅུད་པའི་ཁ་དོག་དེ། ངའི་དྲན་པའི་ཟབ་སར་སྦས་ཏེ་མཛུབ་མོ་ནང་ལ་བཀུག་ཡོད། ཡིན་ཡང་ཁྱེད་ཀྱི་རྒྱབ་གཟུགས་དེ་ཞོགས་པའི་ཉི་ཟེར་བཞིན་བདག་གི་དྲན་ངོགས་སུ་ཡང་ཡང་འཁོར་ཏེ། ནུབ་ཁའི་ཉི་མ་བཞིན་ཡལ་རྒྱུ་མི་འདུག བསམ་གཞིག་གི་སྐར་ཚོགས་མཁའ་མཐར་རུབ་སྟེ། ང་ལ་མཚན་མོ་མང་པོ་ཞིག་ཡང་བསྐྱར་བསྐྱལ་ཡོང་དུས། ངས་རང་གི་གྲོད་ཁོག་སྟོང་བ་འདིར་ལག་བསྙབ་བྱས་ཤིང་།མགོ་བོ་རིལ་རིལ་འདི་ཐང་ལ་བརྡབས་ནས། ཁྱེད་ཀྱི་རུས་རྐང་ལ་ཟུག་པའི་ཀི་རིང་གི་འབོད་པ་ཞིག གངས་ཇོ་མོ་གླང་མའི་ཡང་རྩེ་ནས་བསྒྲགས་འདོད། མཚོ་ཁྲི་ཤོར་རྒྱལ་མོའི་འཇིངས་པ་རུ་བསྐྱིལ་འདོད།

    ཁ་སང་ངས་ཁྱེད་ཀྱི་ལག་པའི་ནང་ལག་པ་བཞག་སྟེ། ཁྱེད་མེད་ན་ཡིད་སེམས་མི་སྐྱིད་གི་གཟས་ཡོད། ཁ་སང་ངས་ཁྱེད་ཀྱི་སེམས་པའི་ནང་སེམས་པ་བཞག་སྟེ། ཁྱོད་ང་དང་མ་ཤི་གསོན་བྲལ་མ་བྱ་གཟས་ཡོད། དེ་རིང་ཁྱེད་ཀྱིས་ཚིག་སྙན་མོ་ཞིག་སྐྱོག་ལ་གཅུས་ནས་གང་དུ་བུད་སོང་། དེ་རིང་ཁྱེད་ཀྱིས་གླིང་མྱི་ཁ་ཞིག་ང་ལ་བཀལ་ནས་གང་དུ་ཡིབ་ཡོད། འུ་གཉིས་ལ་བརྩེ་དུང་གི་ས་བོན་མེད་ན་མེད། འུ་གཉིས་ལ་འབྱུང་འགྱུར་གྱི་བདེ་སྐྱིད་མེད་ན་མེད། ད་དུང་། འུ་གཉིས་ལ་རྩེད་དགོད་ཀྱི་གཏམ་གླེང་དང་ཐུག་འཕྲད་ཀྱི་ཉི་མའང་མེད་ན་མེད། ཡིན་ཡང་། ཁྱེད་འགྲོ་ཁའི་མཆི་མ་སྐྱུར་པོ་དེས་ངའི་མགྲིན་པ་གཏིང་ནས་བརྣངས་སོང་། ཁྱེད་འགྲོ་ཁའི་ཁ་ཚིག་བཙན་པོ་དེས་ངའི་དོན་སྣོད་སིལ་བུར་གཤགས་སོང་ཨང་།

    ཡིན་ཡང་། ངས་ད་དུང་ཡང་ཁ་རོག་གེར་ཁྱེད་ཀྱི་རྒྱབ་གཟུགས་འཚོ་བཞིན། ཁུ་སིམ་མེར་ཁྱེད་ཀྱི་བརྩེ་བ་ཀློག་གིན་ཡོད། ཚིག་ཁ་སང་བཤད་དེ་དེ་རིང་གྱེས་དགོས་པ་འདི་སྔོན་གྱི་ལས་འཕྲོ་ཡིན་དུ་ཆུགས། ཁྱོད་སེམས་ན་ཡོད་ཀྱང་ལུས་ནས་འབྲལ་དགོས་པ་འདི་འཚོ་བའི་བསྐོས་ཐང་ཡིན་དུ་ཆུགས། ཁྲག་དམར་པོ་འདིའི་རྒྱུ་མཚམས་མ་ཆད་ཅིང་། སྙིང་གསོན་པོ་འདིའི་ལྡང་མཚམས་མ་བཞག་ན། ང་ཁྱེད་ལ་དགའ་བའི་རྣམ་ཤེས་དེ་ཡིན། ང་ཁྱེད་ལ་དུངས་པའི་སེམས་པ་དེ་ཡིན།

  • ལེ་ཚན་སྔོན་མ།:ཕ་ཡུལ་དྲན་བྱུང་།
  • ལེ་ཚན་རྗེས་མ།:ཞིང་གྲོང་གི་དཔྱིད་ཀ།