ཞེ་འདང་ཨ་ལོང་དགུ་སྐོར།

ཐར་བ།        2020-04-09

ལས་སྐལ་ནང་གི་སྙིང་སྡུག་གསོན་དང་ཨེ།།

དོ་ནུབ་ཁྱོས་ཀྱི་བརྩེ་བའི་སོར་རྟོག་དྲན།།

དེ་ཡི་ཞོར་ལ་འཛུམ་པའི་རྩེད་འཇོ་དྲན།།

ཞེན་ཆགས་མིག་མཐར་འཁོར་ནས་བརྩེ་གཞས་ལེན།།


ཁྱོས་ཀྱི་གྲིབ་རིས་མེ་ཏོག་ལྗང་སེར་འདྲ།།

ཆུ་ཡི་རླབས་ལ་མ་བྲིས་རང་བྱོན་རེད།།

ཞལ་གྱི་པདྨོ་གཡོར་ཏེ་བགད་པ་ན།།

ཞེ་འདང་ཨ་ལོང་དགུ་སྐོར་མགུལ་ཏུ་འཆང་།།


ཟླ་འོད་མཛའ་མོའི་ཟོལ་གྱིས་དྭངས་བ་ལ།།

ཆུ་བུར་མིག་གི་བལྟས་ན་རབ་ཏུ་དྭངས།།

སྐར་ཚོམས་དེ་དང་འགྲོགས་ནས་འཛུམ་ཡོང་ན།།

ལས་སྐལ་ཡིག་ཆུང་ནང་གི་ཁྱོད་རང་དྲན།།


དོ་ནུབ་ང་ཡི་ཁྱོད་ལ་ཞེན་ཆགས་འབྲི།།

བརྩེ་གཞས་བུང་བའི་ལྡང་འགྲོས་ཡང་ཡང་འབྲི།།

མི་ཞིག་རང་གི་རྨི་ལམ་ནང་དུ་འབྲི།།

ལས་ཀྱི་ཟམ་ཆུང་བཙུགས་ནས་ཁྱོད་ཉིད་འབྲི།།


ཚེ་རབས་སྟོང་གི་ལན་ཆགས་ཁྱོད་དང་བསྟུན།།

དྲན་གདུང་བས་མཐའི་ཀློང་ནས་གླུ་རུ་ལེན།།

གཟིམས་ཆུང་ནང་གི་ཕྱེ་མ་ལེབ་ཀྱི་ཚུལ།།

ཁྱོད་ནི་ང་ཡི་གཤོག་བཟུང་ལྷ་མོ་ཡིན།།


ས་སྲོས་འདི་རུ་ཁྱོད་རང་ག་པར་ཡོད།།

འཕྲིན་པ་ཡང་ཡང་གཏོང་བ་ཐོས་སམ་ཀྱེ།།

འོ་སྐོལ་ནང་གི་དབྱངས་རྟ་མ་བཅོས་པའི།།

རོལ་མོའི་ངུ་ཤུམས་འཐེན་པ་ཨེ་ཐོས་ལགས།།


ཉི་འོད་རྒྱང་ནས་རྒྱང་དུ་ཆས་པ་ལྟར།།

ཕ་ཀའི་རི་ནས་ཁྱོད་དང་གྱེས་པ་མཐོང་།།

སྨྲེང་བ་སྟོབས་ཀྱིས་ཡུན་རིང་ཡོད་ནའང་།།

ལས་སྐལ་ནང་གི་ཡང་ཡང་འཕྲད་པར་བྱ།།


བར་ཐག་ལེ་དབར་སྟོང་གིས་ཆོད་ན་ཡང་།།

རྩྭ་ཐང་རེ་ནས་ངལ་རེ་གསོས་ཏེ་ཡོང་།།

ཡར་ལ་བལྟས་ན་ཁྱོད་ཉིད་མཐོང་སོང་བས།།

རྫི་རོགས་འདྲ་བའི་བྱ་ཁྱུ་ཁྲིད་ནས་ཡོང་།།


ན་ཟླ་མང་པོའི་བརྩེ་བ་མི་བསམ་གི།

རི་དང་གཙང་བོ་བརྒལ་ནས་རྣ་བ་གཏད།།

མེ་ཏོག་ཐང་གི་ཟོལ་བཀོད་གདན་ལ་བཏིང་།།

འུ་གཉིས་ཕྱེ་ལེབ་ཟོལ་གྱིས་འཁྲབ་གཞུང་རྩོམ།།

                 


  • ལེ་ཚན་སྔོན་མ།:བསྙེན་པ།
  • ལེ་ཚན་རྗེས་མ།:ཡིད་གཞུང་མེ་ཏོག