བསྙེན་པ།

བྲན།        2020-04-09

སྐྱེ་འཇིག་དང་བྲལ་ནགས་མའི་ལྗོན་པར་རང་བྱུང་ཁུ་བྱུག་བུ་མོས་རྩེན།།

བཅུ་དྲུག་སྨིན་ལེགས་བརྩེ་བའི་ཟླ་གཞོན་ངག་རིག་མཁའ་ལ་རྣམ་པར་རྒྱུ།།

སྲིད་ཞིའི་གདུང་སེལ་ཡེ་ཤེས་ཉི་མ་འཛུམ་བརྒྱ་དང་བཅས་ལེགས་ཐོན་ན།།

རྒུད་པའི་རྩ་བ་མ་རིག་ལྷན་སྐྱེས་འཇོམས་ལ་སུ་ཞིག་ཐེ་མི་ཚོམ།།


ཕར་རོལ་སྣང་བ་ཀུན་ནས་བཏགས་ཞེས་ཁ་ཅིག་སྨྲ་བ་མང་མོད་ཀྱང་།།

རྣམ་རྟོག་ཕྲ་རྒྱས་གཡུ་ལོའི་ཚལ་གང་སྔར་བཞིན་རྒྱས་སོ་ཉོན་མོངས་འཕེལ།།

དོན་གྱིས་དཔྱད་ན་འདིར་སྣང་དངོས་ལ་ཞེན་པའི་ནང་སེམས་རི་མོ་དག།

མཐོང་དང་མ་མཐོང་ཁྱད་པར་ཙམ་ལས་མཛེས་དང་མི་མཛེས་ངང་གིས་རྟོགས།།


ལྷན་ཅིག་སྐྱེས་པའི་ལུས་པོ་འདི་ཡང་ནམ་ཞིག་བཞག་ནས་འགྲོ་བའི་ཚེ།།

རང་ལ་ཕན་པའི་དངོས་ནི་གང་ཞིག་སུ་ཡིས་གྲོགས་དན་མཛད་ཐུབ་བམ།།

གཅིག་ཏུ་ངེས་པ་ཆགས་བྲལ་དང་བཅས་དམ་པའི་ལྷ་ཆོས་ཁོ་ན་ལགས།།

དེ་བས་གཅིག་པུར་བསམ་ཞིང་བསམ་ན་སྙིང་བོ་ཅན་ཞིག་བསྒྲུབས་མྱོང་ངམ།།


དལ་བའི་རྟེན་གྱི་དཔག་བསམ་ཤིང་འདི་དགོས་འདོད་འབྱུང་བའི་བྱེད་པོ་རུ།།

བསྔགས་པ་ཐོས་ཤིང་རྙེད་དཀའི་ངང་ཚུལ་སྒྲ་འཛིན་བུ་གར་ཐོན་མོད་ཀྱང་།།

འདི་ཞེས་དོན་སྙིང་ལྡན་པའི་བྱ་བ་མཁའ་ཡི་པད་མོ་འདར་དང་མཚུངས།།

དེ་ལྟར་རང་གི་ནང་སེམས་བསྔོགས་ཚེ་སེམས་པ་དགུ་ཁའི་ཆུ་ལས་གྲང་།།


ཚུལ་བཞིན་བསྲུང་བྱའི་ཁྲིམས་ཡང་དག་མིན་བཤད་ན་ཧ་ཅང་ཁག་པོ་སྟེ།།

ཕམ་བཞི་ལྷག་སྡེ་བརྒྱད་ཟུང་ལྟུང་བྱེད་དྲུག་ཅུ་གཉིས་དང་སོར་བཤགས་བཞི།།

ཉེས་བྱས་བརྒྱ་དང་བཅུ་གཉིས་དང་བཅས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ།།

བསྲུང་བའི་སེམས་དཔའ་འགའ་རེར་མ་གཏོགས་སུ་ཞིག་མཆིས་སོ་ཨ་ཧོ་ལ།།


འདི་ལྟར་རང་སེམས་ནང་ལ་བཀུག་སྟེ་ཞིབ་ཏུ་དཔྱད་པ་བྱས་པའི་ཚེ།།

འདི་ཞེས་སྨན་པའི་བྱ་བ་དེ་གང་བློ་ཡི་ཆུ་རྡུལ་ཕྲ་མོའི་ཚོགས།།

རྡུལ་གཅིག་སྟེང་ལ་རྡུལ་གཉིས་འཁྱུད་པའི་དཔེ་དེ་དྲན་བཞིན་རང་མལ་ནས།།

ནུབ་ཁའི་ཕུན་ཚོགས་དམར་བར་ཆགས་བཞིན་འདི་ཙམ་འབྲི་ལ་དགའ་བས་བྲེལ།།


  • ལེ་ཚན་སྔོན་མ།:དཔྱིད་ཀྱི་ཁ་བ།
  • ལེ་ཚན་རྗེས་མ།:ཞེ་འདང་ཨ་ལོང་དགུ་སྐོར།