བོད་ཀྱི་ཁག་དང་པོའི་དམངས་གཉེར་ལག་རྩལ་བཟོ་པའི་སློབ་གྲྭའི་སྒོ་བྱང་བཀལ་བ།

        2020-04-08

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ4པའི་ཚེས3ཉིན་གློག་འཕྲིན་འབྱོར་གསལ། ཚེས3ཉིན་ལྷ་ས་གྲོང་ཁྱེར་དུ་བོད་རང་སྐྱོང་ལྗོངས་ཀྱི་དང་ཐོག་གི་དམངས་གཉེར་ལག་རྩལ་ལས་བཟོའི་སློབ་གྲྭ་སྟེ། བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་ལས་རིགས་སློབ་གྲྭ་དང་བོད་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ལག་རྩལ་ལས་རིགས་སློབ་གྲྭར་སྒོ་བྱང་བཀལ་བ་རེད། དེའི་ཐོག་ནས་བོད་དུ་དམངས་གཉེར་ལག་རྩལ་ལས་རིགས་སློབ་གྲྭ་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་གསབ་པ་དང་དམངས་གཉེར་ལག་རྩལ་ལས་རིགས་སློབ་གསོ་འཕེལ་རྒྱས་འགྲོ་བར་འགོ་འཛུགས་ས་གསར་པ་བཙུགས་པ་མཚོན་པ་རེད།

བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་ལས་བཟོའི་སློབ་གྲྭའི་སློབ་སྤྱི་སུང་མིང་གིས“ང་ཚོས་ཐོན་སློབ་ཟུང་འབྲེལ་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏང་རྒྱུ་ཡིན་པར་མ་ཟད། ད་དུང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལག་རྩལ་ལས་རིགས་སློབ་གྲྭའི་སློབ་གཉེར་ཚད་གཞིར་ནན་པོར་གཞིགས་ཏེ། བོད་ལ་བྱང་ཚད་དེ་བས་མཐོ་བའི་རྩལ་ནུས་འཇོན་ཐང་ཅན་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་ལས་རིགས་སློབ་གྲྭས་མིག་སྔར་ཐང་ག་འབྲི་བཞེངས་དང་། གསེར་ཟངས་རྡུང་བཟོ། རྫ་བཟོ། གྱོན་གོས་འཚེམ་བཟོ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པར་ཁྱོན་སློབ་མ100ལྷག་ཙམ་ཞུགས་ཡོད།

བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་ལས་རིགས་སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བ་ཀུའོ་ཅན་གྱིས“སློབ་མ་ཚང་མས་སློབ་ཡོན་དང་། ཁང་གླ། ལྟོ་རིན་བཅས་སྤྲོད་དགོས་ཀྱི་མེད། ད་དུང་ཟླ་རེར་དགེ་རྒན་གྱིས་ཁོང་ཚོར་ལག་དངུལ་ཕྲན་བུ་སྤྲོད་ཀྱི་ཡོད། ཁོང་ཚོས་དངུལ་སྐར་མ་གཅིག་ཀྱང་གཏོང་མི་དགོས་པར་བློ་བདེ་པོས་ལག་རྩལ་སྦྱོང་ཆོག རྗེས་སུ་ལག་རྩལ་ཤེས་ན་སློབ་གྲྭར་བསྡད་ནས་ལས་ཀ་བྱས་ན་འགྲིག་ལ་ཕྱིར་གླ་པར་བསྐྱོད་ནའང་འགྲིག་གི་ཡོད”ཅེས་བཤད།

བོད་ལྗོངས་དེང་རབས་ཞབས་ཞུའི་ལག་རྩལ་ལས་རིགས་སློབ་གྲྭར་མིག་སྔར་སློབ་མ་ཁྱོན་བསྡོམས100ལྷག་ཙམ་ཡོད་པ་དང་། ཁོང་ཚོ་མ་བྱན་དང་མི་རིགས་གྱོན་གོས་འཚེམ་བཟོ་སོགས་ཆེད་ལས་པར་གསོ་སྐྱོང་བྱ་རྒྱུ་རེད། སློབ་གྲྭའི་སློབ་མ་དེ་དག་གཙོ་བོ་དུད་ཚང་དབུལ་པོའི་ཁྱིམ་ཚང་ནས་ཡིན་པ་དང་སློབ་ཡོན་སྤྲོད་མི་དགོས་པའི་སློབ་གསོ་ལག་བསྟར་བྱེད་ཀྱི་ཡོད། “རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས་སློབ་གྲྭས་གནས་སྐབས་གསོ་སྦྱོང་བྱེད་མཚམས་བཞག་པ་དང་། གཟའ་འཁོར་རྗེས་མར་རྒྱུན་གཏན་བཞིན་སློབ་ཁྲིད་སླར་གསོ་བྱེད་རྩིས་ཡོད”ཅེས་སློབ་གྲྭའི་འགན་འཁུར་བ་ཚེ་རིང་རྒྱལ་པོས་བཤད།

བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ཐིང་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས“ལག་རྩལ་ལས་རིགས་སློབ་གསོ་འཕེལ་རྒྱས་བཏང་ན་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གང་ལེགས་གཏོང་བར་ནུས་པ་གལ་ཆེན་ཐོན་རྒྱུ་རེད། གོམ་སྟབས་རྗེས་མར། མི་སྤྱི་སྡེ་ཚན་གྱིས་མུ་མཐུད་སློབ་གསོ་དང་ནོར་སྲིད་སོགས་སྡེ་ཚན་དང་མཉམ་དུ་རྩལ་ནུས་འཇོན་ཐང་ཅན་གསོ་སྐྱོང་གི་སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་ལས་རིགས་ཁག་གི་ཁྱབ་ཁོངས་ལ་རྩལ་ནུས་མཐོ་བའི་འཇོན་ཐང་ཅན་དེ་བས་མང་བ་གསོ་སྐྱོང་བྱེད་རྒྱུ་ཡིན”ཞེས་བཤད།

             (ཡེ་ཤེས་ཀྱིས་བསྒྱུར)


  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་བསྟན་དོན། རང་རྒྱལ་གྱི་འབྲུ་རིགས་ ཐོན་ཚད་མཐོ་བ་དང་མཛོད་ཉར་འདང་ངེས་ཡོད།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་བྱེད་ཐབས་བདུན་སྤྱད་ནས་དུད་ཚང་དབུལ་པོའི་ངལ་རྩོལ་མི་ལག་ལས་ཞུགས་བྱེད་རོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།