རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་བསྟན་དོན། རང་རྒྱལ་གྱི་འབྲུ་རིགས་ ཐོན་ཚད་མཐོ་བ་དང་མཛོད་ཉར་འདང་ངེས་ཡོད།

        2020-04-08

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གཏམ་གསར། སྤྱི་ཟླ4པའི་ཚེས4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐོག་རིམས་ནད་ཐོན་རིང་གི་འབྲུ་རིགས་མཁོ་སྤྲོད་དང་འགན་ལེན་ལས་དོན་ཡག་པོ་བསྒྲུབས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

རིམས་ནད་གོ་ལ་ཧྲིལ་པོར་མཆེད་པ་དང་བསྟུན་ནས་རྒྱལ་ཁབ་འགའ་ཞིག་གིས་འབྲུ་རིགས་ཕྱིར་གཏོང་ཚོད་འཛིན་བྱེད་འགོ་བཙུགས་པ་དེས་རྒྱལ་སྤྱིའི་འབྲུ་རིགས་ཀྱི་རིན་གོང་འཕར་ཡོད། རང་རྒྱལ་གྱི་འབྲུ་རིགས་ཉེན་ཁ་མེད་པའི་གནས་ཚུལ་སྐོར་ལ་ཞིང་ལས་གྲོང་གསེབ་པུའུ་ཡི་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་ཝུའེ་པའེ་ཀང་གིས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་འབྲུ་རིགས་བསྟུད་མར་ལོ5ལ་རྒྱ་མ་དུང་ཕྱུར་ཁྲི1.3བརྟན་ཁྲོད་ཐོན་འཕར་བྱུང་བ་དང་། ན་ནིང་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར13277ལ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པས་བཟའ་འབྲུ་ཉེན་མེད་ཡོང་བར་རྦད་དེ་འགན་ལེན་ཡོད་ཅེས་གསུངས་པ་རེད།

“མིག་སྔར་རང་རྒྱལ་གྱི་འབྲུ་རིགས་མཛོད་ཉར་འདང་ངེས་ཡོད་པ་དང་། མཛོད་ཉར་འཛད་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱིས་བཏོན་པའི་བརྒྱ་ཆ17ནས་བརྒྱ་ཆ18བར་གྱི་ཉེན་མེད་ཀྱི་ཆུ་ཚད་ལས་ཧ་ཅང་མཐོ་བ་དང་།  ལྷག་པར་དུ་གྲོ་དང་ཤུན་ལྡན་འབྲས་མཛོད་ཉར་བྱེད་ཚད་རྒྱལ་ཡོངས་མི་དམངས་ཀྱི་ལོ་གཅིག་གི་འཛད་སྤྱོད་ཚད་གཞི་དང་ཧ་ལམ་མཚུངས་ཀྱིན་ཡོད། སྤྱིའི་ཆ་ནས་བལྟས་ན། འབྲུ་རིགས་ཐོན་ཚད་མཐོ་བ་དང་མཛོད་ཉར་བྱེད་ཚད་འདང་ངེས་ཡོད་པ་སྟེ། རྒྱལ་ནང་གི་རིམས་ནད་ཅུང་ཚབས་ཆེ་བའི་སྐབས་སུའང་འབྲུ་རིགས་དང་དེ་བཞིན་རིགས་ཁག་གི་ཞོར་ཟས་ཚང་མ་འདང་ངེས་དང་རིན་གོང་བརྟན་པོ་ཡོད་པས་ད་ཆ་དེ་བས་འབྲུ་རིགས་ཧབ་ཐོབ་ཀྱིས་ཉོ་སྒྲུབ་དང་གསོག་ཉར་བྱེད་དགོས་དོན་མེད” པ་རེད།

ཝུའེ་པའེ་ཀང་གིས་རང་རྒྱལ་གྱི་འབྲུ་རིགས་ནང་འདྲེན་བྱེད་ཚད་ཏུན་ཁྲི1468ལ་ཟིན་པ་དེས་རང་རྒྱལ་གྱི་འབྲུ་རིགས་འཛད་སྤྱོད་བསྡོམས་འབོར་གྱི་བརྒྱ་ཆ2ཙམ་ལས་ཟིན་གྱིན་མེད། རྒྱལ་སྤྱིའི་འབྲུ་རིགས་ཀྱི་རིན་གོང་འཕར་ཡང་རྒྱལ་ནང་གི་འབྲུ་རིགས་རིན་གོང་ལ་ཤུགས་རྐྱེན་དེ་ཙམ་ཐེབས་མི་སྲིད། ཉེ་ཆར་མི་འགའ་ཞིག་གིས་རང་རྒྱལ་གྱི་སྲན་ཆེན་ནང་འདྲེན་ལ་ཤུགས་རྐྱེན་ཐེབས་སྲིད་པར་སེམས་ཁྲལ་བྱེད་ཀྱི་་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ3པར་པར་ཙིར་གྱིས་ཀྲུང་གོར་སྲན་ཆེན་ཕྱིར་གཏོང་བྱེད་ཚད་མང་དུ་བཏང་བ་དང་། མིག་སྔར་རང་རྒྱལ་གྱི་སྲན་ཆེན་རྒྱུན་གཏན་ལྟར་ནང་འདྲེན་བྱེད་བཞིན་ཡོད་པས་དེའི་ཐད་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་གསུངས་པ་རེད།

རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་བདེ་འཇགས་མཛོད་ཉར་དང་ཚན་རྩལ་སིའི་སི་ཀྲང་ཝང་ཧུང་གི་ངོས་འཛིན་ལ། ད་ཐེངས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ཁྲོད་རང་རྒྱལ་གྱི་འབྲུ་རིགས་འཕྲལ་སྡོམ་འགན་ལེན་མ་ལག་གིས་ནུས་པ་ཧུར་ཐག་བཏོན་ཡོད་པ་སྟེ། ཁོང་གིས“རིམས་ནད་ཐོན་རིང་ང་ཚོས་འབྲུ་རིགས་ལས་སྣོན་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་མཐུན་སྦྱོར་ཧུར་ཐག་བྱས་ཤིང་། མིག་སྔའི་བར་རྒྱལ་ཡོངས་སུ་འཕྲལ་སྡོམ་ལས་དོན་ཁེ་ལས5388ཡོད་པའི་ཁྲོད་ཁེ་ལས4750ལས་འགོ་བསྐྱར་འཛུགས་བྱས་ནས་ལས་འགོ་བསྐྱར་འཛུགས་བྱེད་ཚད་བརྒྱ་ཆ88.2ཟིན་པ་དང་། ལས་འགོ་བསྐྱར་འཛུགས་ཁེ་ལས་ཀྱི་གྲོ་དང་ཤུན་ལྡན་འབྲས་ལས་སྣོན་བྱེད་ཚད་ཉིན་རེར་ཏུན་ཁྲི96.2དང་ཁྱོན་བསྡོམས་རྒྱ་མ་དུང་ཕྱུར19.2ཟིན་གྱི་ཡོད། ཉིན་རེར་མི་རེར་འབྲུ་རིགས་རྒྱ་མ་གང་ལྟར་བརྩིས་ན་འབྲུ་རིགས་འཕྲལ་སྡོམ་ལས་སྣོན་ཁེ་ལས་དེ་དག་ཁོ་ནས་ཉིན་རེར་ལས་སྣོན་བྱས་པའི་འབྲུ་རིགས་ཀྱིས་རྒྱལ་ཡོངས་ཀྱི་མི་དུང་ཕྱུར14ལ་ཉིན་གཅིག་ལྷག་ཙམ་འདང་གི་ཡོད”ཅེས་གསུངས་པ་རེད།།   (མི་དམངས་ཉིན་རེའི་ཚགས་པར་ནས་དྲངས། )


  • ལེ་ཚན་སྔོན་མ།:ཁ་སང་སི་ཁྲོན་དུ་ཕྱི་ནས་ཡོང་པའི་ནད་པ1ཇེ་མང་དུ་ཕྱིན།
  • ལེ་ཚན་རྗེས་མ།:བོད་ཀྱི་ཁག་དང་པོའི་དམངས་གཉེར་ལག་རྩལ་བཟོ་པའི་སློབ་གྲྭའི་སྒོ་བྱང་བཀལ་བ།
  • དོ་སྣང་ཆེ་བའི་རྩོམ།