འདྲ་མཉམ་གྱི་འཆི་བ།

རྔ་འོད།        2020-04-03

ངས་མི་ཡུལ་དུ་ཅི་ཡང་མི་ནུས་སྐབས།

དབྱངས་གསལ་གྱི་མེ་ཏོག་ཚོམས།

རུལ་སུངས་སུ་མི་སྒྱུར་བར་རྒྱང་རིང་དུ་བུད་འགྲོ

གྲོགས་པོ་ལགས།

ཁྱོས་ཀྱང་རྒྱང་རིང་གི་ལམ་སྣེར་སྙེག་བསམ།

ངས་དབྱངས་གསལ་ལ་ཞབས་འདེགས་མ་ནུས་དུས།

སྟོང་བསམ་གྱི་སྐར་ཚོམས་སེམས་སུ་བཀྲ།

རྨི་ལམ་གྱི་རི་མོ་དབྱིངས་སུ་འབྲི།

གྲོགས་པོ་ལགས།

ཁྱོད་རང་ལ་རེ་བ་ཅི་ཙམ་ཡོད་ངེས།

ངས་གསལ་དབྱངས་ཀྱི་ཕྲེང་བསྟར་བསྒྲིགས་ནས།

སྙན་ངག་ཅེས་པའི་ནོར་བུ་ཞིག་འཚོལ།

དེ་ནི་ངའི་མི་ཚེ་ཡི་གཏན་གྲོགས་ཡིན།

གྲོགས་པོ་ལགས།

ཁྱོད་ལ་བརྗེད་མི་སྲིད་པའི་ལན་ཆགས་ཤིག་ཡོད་དམ།

ནམ་ཞིག་གི་ཚེ།

འཆི་བ་ཞེས་པ་སྟེ་ངའི་འགྲམ་དུ་འབྱོར་དུས།

ངས་བློ་འགྱོད་ཅི་ཡང་མེད་པར་དབྱངས་གསལ་རྣམས།

རུས་པའི་གཏིང་དང་སེམས་ཀྱི་དཀྱིལ་ཏུ་བསྒོམས་ནས།

མི་ཡུལ་འདི་དང་གྱེས་གཏམ་བརྗོད།

ངའི་སྙིང་ཉེ་བའི་གྲོགས་པོ་ལགས།

ཁྱོད་རང་སུ་དང་ལྷན་དུ་གྱེས།

གྲོགས་པོ་ལགས།

ཁྱོད་ཀྱིས་ང་ལ་འཕྱ་སྨོད་མ་བྱེད་རོགས།

ཁྱོད་ལ་ལང་ཚོ་ཡི་མེ་ཏོག་ཡོད་ཀྱང་།

ནམ་ཞིག་གི་ཚེ།

མེ་ཏོག་གི་དྲི་བསུང་ཡལ་ནས་རུལ་སུངས་སུ་འགྱུར་ངེས།

མི་ཡུལ་དུ་འདྲ་མཉམ་གཅིག་ཡོད་པ་ནི་འཆི་བ་ཁོ་ན་ཡིན།

ངའི་གློ་ཉེ་བའི་གྲོགས་པོ་ལགས།

ངེད་གཉིས་ཀྱིས་དབྱངས་གསལ་གྱི་རེ་འདུན་བཟུང་ནས།

འབྱུང་འགྱུར་གྱི་ཕུགས་བསམ་ཞིག་འཚོལ་དགོས།

འདྲ་མཉམ་གྱི་འཆི་བ་སླེབས་དུས།

ཅི་ཡང་མ་རྙེད་པར་རྒྱང་དུ་སྐྱོད་སྐབས།

མི་ཚེ་ནི་ཅི་འདྲའི་མཛེས་སྡུག་མེད་པའི་ཁ་དོག་ཅིག་རེད་ཨང་།

མི་ཡུལ་དུ་འདྲ་མཉམ་གཅིག་ཡོད་པ་ནི།

འཆི་བ་ཡི་ཕྱོགས་སུ་སྐྱོད་པ་དེའོ།།

  • ལེ་ཚན་སྔོན་མ།:རྨི་ལམ་འཁྲུག་པ།
  • ལེ་ཚན་རྗེས་མ།:སྙན་ངག་ལྷ་མོ།