ཕ་ཡུལ་དྲན་པའི་གླུ་ཆུང་།

བློ་བཟང་ཟླ་བ།        2020-04-01

དཔྱིད་ཟླ་བ་གསུམ་པའི་ནམ་མཁའ་ལ།།

རྡུལ་སྤྲིན་པས་མ་སྒྲིབ་སྔོ་བསང་ཅན།།

དགུང་ཉི་མ་གསེར་འདྲ་ཤར་བའི་ཚེ།།

སྟན་དྲོ་འཇམ་ཅན་གྱི་ཕ་ཡུལ་དྲན།།


འབའ་ཚ་ཚུ་ཁ་ཡི་ནེའུ་གསེང་སྟེང་།།

ཤིང་རྒྱ་ལྕང་བུ་མོའི་ལན་བུ་རྣམས།།

རླུང་དལ་བུས་ལིང་ལིང་གཡོ་བའི་ཚེ།།

སྐྱིད་ལྕང་མ་ཚ་ཆུའི་ཕ་ཡུལ་དྲན།།


གྲོང་ལྷིང་འཇགས་ཅན་གྱི་ར་བ་ན།།

མངར་འབྲས་ཤིང་ཡལ་གའི་རྩེ་མོ་ནས།།

བྱེའུ་འཇོལ་མོའི་གྲེ་འགྱུར་སྙན་པའི་ཚེ།།

ཡིད་སྣང་བ་སྤྲོ་བའི་ཕ་ཡུལ་དྲན།།


འབྲུ་སྣ་ལྔ་སྨིན་པའི་ཞིང་ཁ་ན།།

མཛེས་ཁམ་བུ་མེ་ཏོག་ཤར་བ་དང་།།

འབུ་སྦྲང་མའི་འཕུར་ལྡིང་རྩེ་བའི་ཚེ།།

གོང་ལྷ་ཡུལ་ལྟ་བུའི་ཕ་ཡུལ་དྲན།།


དགུང་ནམ་མཁའི་དབྱིངས་ཀྱི་ཕོ་བྲང་ནས།།

ཀླུ་གཡུ་འབྲུག་སྔོན་མོའི་ངར་སྐད་གྲགས།།

སྤྲིན་ལང་ལོང་གསེབ་ནས་ཆར་བབས་ཚེ།།

ཆར་དུས་སུ་འབབ་པའི་ཕ་ཡུལ་དྲན།།


ཁྱིམ་གྲུ་བཞི་ཅན་གྱི་ནང་བཅུད་དུ།།

དྲིན་ཕ་མ་ནོར་བུ་ཆ་གཅིག་བཞུགས།།

གཉེན་དགའ་འཛོམས་སྐྱིད་གླུ་ལེན་པའི་ཚེ།།

དྲིན་འཁོར་ཐབས་བྲལ་བའི་ཕ་ཡུལ་དྲན།།


  • ལེ་ཚན་སྔོན་མ།:གངས་ཅན་བོད་ཀྱི་བསྟོད་གླུ།
  • ལེ་ཚན་རྗེས་མ།:ཚོར་བའི་མགུར།