​ཨ་མའི་སེམས།

མགར་ལྷུན།        2020-04-01

ང་ཡི་ཨ་མ་ནི་རླངས་འཁོར་རྫིག་པོ་སྐོར་ཞིང་དངུལ་ལོར་འཛད་མེད་སྤྱོད་པའི་སྦྱིན་བདག་མ་དེའི་རིགས་མིན་ལ། ཀུན་གྱིས་གོང་དུ་བཀུར་ཞིང་མགོ་བོ་སྒུར་སྒུར་བྱེད་པའི་དཔོན་མོ་དེའི་སྐོར་ཀྱང་མིན། གཞན་ཡང་། རིག་གནས་ཡོན་ཏན་གྱིས་ཕྱུག་ཅིང་འཕྱོར་སྒེག་ལང་ཚོ་ཡིས་རྒྱན་པའི་མཛེས་མ་དང་། མཛངས་མ་སོགས་གང་གི་ཁོངས་སུའང་མི་གཏོགས་ཏེ། ལྕི་འདམ་མཐོ་རུ་འགོས་ཤིང་། ལྷམ་ལ་ལྷན་པ་ཤན་པའི་ཧ་ཅང་སྤྱིར་བཏང་གི་འབྲོག་མོ་རྣལ་མ་ཞིག་ཡིན། ཡིན་ནའང་། ངས་དུས་གཏན་དུ་ཁོ་མོ་ནི་ང་ཡི་ང་རྒྱལ་རྐྱང་རྐྱང་ཞིག་ཏུ་སྣང་བཞིན་ཡོད་ལ། དེ་ལྟར་སྣང་བ་ལའང་ནོར་འཁྲུལ་ཕྲན་ཙམ་ཡང་མི་འདུག་སྙམ་བཞིན་ཡོད།

ངའི་བསམ་པར་མི་ཞིག་གི་ཐོབ་ཐང་ལས་མི་དེའི་གཤིས་སྤྱོད་རྩ་བ་ནས་མཚོན་མི་ཐུབ་ལ། ལྷག་བསམ་དེ་བས་ཀྱང་མཚོན་མི་ཐུབ་པས། རང་གི་ཕ་མ་ནི་ཟོར་བ་འཛིན་པའི་རོང་བ་ཞིག་ཡིན་ནའང་འདྲ་ལ། འུར་ཆ་ཐོག་པའི་འབྲོག་པ་ཡིན་ནའང་འདྲ། ཐ་ན་བསམ་བློ་མེད་པའི་གླེན་པ་ཞིག་ཡིན་ན་ཡང་། དེ་དག་གི་བུ་ཕྲུག་ལ་བཅངས་པའི་ལྷག་བསམ་ནི་ཧ་ཅང་དྭངས་གཙང་ཡིན་ལ། ཧ་ཅང་ལྷད་མ་འདྲེས་པ་ཞིག་ཡིན་པ་གདོན་མི་ཟའོ།

ངའི་ཨ་མ་ཡང་ཆེས་སྤྱིར་བཏང་གི་རི་ལུང་ཞིག་ན། ཆེས་སྤྱིར་བཏང་གི་འཚོ་བ་རོལ་བཞིན་པའི་བུད་མེད་དཀྱུས་མ་ཞིག་ཡིན་ནའང་། ང་རང་ཉིད་ལ་མཚོན་ནས་བཤད་ན། ཨ་མ་ནི་འཇིག་རྟེན་ན་རང་ཉིད་ལ་ཆེས་ཤ་ཚ་ཞིང་ཆེས་སྙིང་ཉེ་མཁན་དེ་ཡིན་ལ། ང་རང་ནམ་རྒྱུན་སློབ་གྲྭར་འགྲོ་སྐབས། རླངས་འཁོར་འབབ་ཚུགས་ནས་ངའི་རྒྱབ་གཟུགས་ལ་བལྟས་ནས་མིག་ཆུ་གཏོང་མཁན་དེ་ནི་ཁོ་མོ་ཁོ་ན་ཡིན་ཞིང་། ནམ་ཀུན་ཡུལ་ལ་ལོག་དུས་དགའ་བ་ཁྲི་སྟོང་གིས་མྱོས་ཏེ། ཟས་གང་ཞིམ་རང་ལ་ཉར་ནས་འཇོག་མཁན་དེའང་ཨ་མ་གཅིག་པུ་ལས་མི་འདུག དེ་མིན་ད་བར་དུ་ངའི་ཆེད་དུ་སེམས་ཚེགས་མང་པོ་མང་པོ་ཞིག་བྱེད་མཁན་དང་། མིག་ཆུ་མང་པོ་མང་པོ་ཞིག་གཏོང་མཁན་དེ་ཡང་ཨ་མ་ལས་གཞན་སུ་ཡང་མ་མཆིས་ཞེས་ཁ་ཚོན་བཅད་ཆོག་ཆོག་ཡིན།

ང་ནི་ལོ་ན་བདུན་བརྒྱད་ཙམ་གྱི་སྐབས་ནས་བཟུང་སློབ་གྲྭར་འགྲིམས་ནས་ལོ་ངོ་བཅུ་གསུམ་ལྷག་འགོར་སོང་ལ། ལོ་ངོ་བཅུ་གསུམ་ལྷག་གི་རིང་ལ་ཨ་མ་དང་མཉམ་དུ་སྡོད་པའི་དུས་ཡུན་ཧ་ཅང་ཕྲ་བར་མ་ཟད། དེང་སྐབས་ལ་མཚོན་ན་ལོ་གཅིག་ནང་དུ་ཐེངས་གཉིས་ལ་མ་གཏོགས་ཨ་མའི་འཁྲིས་སུ་ལོག་མི་ཐུབ་པས། ནམ་ཀུན་ངའི་སེམས་སུ་ཨ་མ་ལ་ཅི་ཞིག་ཆད་པ་དང་འདྲ་ལ། ལན་རེར་བསམ་མནོ་གཏོང་ཕྱོགས་ཤིག་གིས་སློབ་གྲྭར་འགྲོ་མི་འདོད་པར་ཨ་མའི་དྲུང་ནས་ཨ་མ་ལགས་ལ་ཧ་ཅང་ལྷོད་གཡེང་གི་སྒོ་ནས་ཁ་བརྡ་ཐེངས་ཤིག་བྱ་འདོད་ཅིང་། ཨ་མ་ལགས་ཀྱི་རྐང་བ་ཐེངས་ཤིག་བཀྲུ་ཨེ་ཐུབ་བལྟས་ན་དགའ་སྙམ་ནའང་། ལས་དབང་གི་བཀོད་སྒྲིག་ཅིག་གིས་ཨ་མ་དང་ཁ་ཐག་རིང་ས་ཞིག་ནས། ཨ་མ་དྲན་ནས་འདུག་པ་ལས་ཐབས་གཞན་ཅི་ཡང་མི་འདུག

ནམ་རྒྱུན་སྐུད་ལམ་བརྒྱུད་ནས་ཨ་མ་མཆོག་ལ་ཁ་པར་གཏོང་ཐེངས་རེ་ལ། ཨ་མས་སྐད་ཅིག་ཉིད་ལ་ཁ་པར་སྣེ་ལེན་བྱེད་པ་དང་། དེའི་མཚོན་ཐུབ་པ་ནི། ནམ་རྒྱུན་ཁོ་མོ་ཁོམ་དུས་རྒྱང་དུ་བཞུད་པའི་བུ་ཆུང་གི་གནས་ཚུལ་ཤེས་འདོད་པའི་བསམ་བློ་ནི་སྐོམ་པའི་ཆུ་དང་། ལྟོགས་པའི་ཟས་ལྟར་ཡིན་ན་ཡང་། ཐོག་མར་བུ་ལ་ཁ་པར་བཏང་ན་བུ་ཆུང་གི་སློབ་ཁྲིད་དང་སློབ་སྦྱོང་ལ་བར་ཆད་གཏོང་ངེས་ཡིན། ཡང་ན་བུ་ལ་སུན་པོ་བཟོ་ངེས་སྙམ་ནས་ཚུར་ལ་ཁ་པར་གཏོང་ཐུབ་ཀྱིན་མེད་པ་ཚོར་ཐུབ་ལ། ང་ཚོའི་ཉམ་འཇོག་མ་མྱོང་སའི་ཧ་ཅང་བྱེ་བྲག་གི་དོན་དག་ཅིག་ན་ཡང་། ཨ་མའི་བུ་ལ་བཅངས་པའི་བྱམས་བརྩེ་རྒྱུ་བཞིན་ཡོད་ལ། ཨ་མའི་ལྷད་མ་འདྲེས་པའི་དྭངས་གཙང་གི་ལྷག་བསམ་མཆེད་ཀྱིན་ཡོད།

ང་རང་ལོ་ན་བདུན་ཡིན་པའི་སྐབས་སུ་ཕ་མ་གཉིས་ཀྱིས་ང་རང་སྡེ་བའི་སློབ་ཆུང་དུ་བསྐྱལ་ན་ཡང་། ང་རང་སློབ་གྲྭར་ལོག་མ་འདོད་པར་ཨ་མ་ལ་གཡེར་བག་ཅི་ལྟར་བྱས་ཀྱང་ཨ་མས་སྡང་མིག་བགྲད་དེ་ང་ལ་དབྱུག་པ་ཡིས་ཐེངས་མང་བྲབས་མྱོང་། དེ་དུས་ངའི་སེམས་ལ“ང་ལ་འདི་འདྲའི་ཨ་མ་འདྲེ་མོ་ཞིག་ཅིའི་ཕྱིར་ཡོད་པ་ཡིན་ནམ”སྙམ་ཡང་། ད་ལྟ་ང་ལ་མཚོན་ན་ཁོ་མོས་བྲབས་པའི་དབྱུག་པ་དེ་དག་ནི་སློབ་གསོའི་གདམས་ངག་རེ་རེ་ཡིན་ལ། གལ་སྲིད་དེ་དག་མེད་ཚེ། དེང་སྐབས་ང་རང་གནས་གང་ཞིག་ན་ཅི་ལྟར་རྨོངས་ཡོད་པའང་མི་ཤེས། ཡང་གཅིག་བཤད་ན་རང་གི་ཕ་མས་རང་ལ་གཅར་རྡུང་བྱས་རྗེས་ཁོ་ཚོའི་སེམས་ལ་ཅི་འདྲའི་ན་ཟུག་བཟོད་དུ་མེད་པ་ཞིག་སྐྱེ་བཞིན་ཡོད་པ་བུ་ཕྲུག་ཚོའི་དུས་གཏན་དུ་མི་ཤེས་མི་སྲིད་ལ། བུ་ཕྲུག་ཚོའི་རང་གི་ཤ་སྐྱིའི་ན་ཟུག་ཙམ་ལས་ཁོ་ཚོའི་སེམས་ཀྱི་བཟོད་དཀའ་བའི་ཟུག་གཟེར་སྐྱེ་བ་ལ་རྩ་བ་ནས་འདང་རྒྱག་མ་མྱོང་།

སྐབས་ལན་རེར་ལག་པ་བྲང་ཁར་བཞག་ནས་བསམ་མནོ་རེ་བཏང་ན། རྒྱང་རིང་རྒྱང་རིང་ཞིག་ན་མིག་འབྲས་དྭངས་མོ་ཞིག་གིས་དུས་དང་རྣམ་པ་ཀུན་ཏུ་རང་ལ་གཟིགས་ནས་སྡོད་མཁན་དེ་ཨ་མ་ཡིན་ལ། ལེ་བར་ཁྲི་སྟོང་གི་མཐའ་མཚམས་དེ་ན་དུངས་བ་ཟབ་མོ་ཞིག་གིས་གསན་ནས་འདུག་མཁན་དེ་ཡང་ཨ་མ་ཡིན། དགྲ་ཡོང་ན་སྲོག་བསྡོས་ཀྱིས་སྲུང་མཁན་དེ་ཡང་ཨ་མ་ལས་གཞན་སུ་ཡང་མི་འདུག

སྲིད་པ་རྒན་པོའི་བཤད་སྲོལ་ཞིག་ལ“སྐྱིད་ན་ནམ་མཁའི་བྱ་ཡང་འཁོར།། སྡུག་ན་མཆན་གྱི་བུ་ཡང་འབྲོ”ཞེས་པ་ནང་བཞིན། རང་ཉིད་ལ་དཔོན་པོའི་ཐོབ་དང་། ཕྱུག་པོའི་ནོམ་པ་ཡོད་དུས་འཇིག་རྟེན་ཁམས་ཀྱི་སྐྱེས་བུ་ཡོད་དོ་ཅོག་རང་གི་གྲོགས་ཡིན་ལ། མགོ་བསྒུར་ནས་བསུ་བ་བྱེད་མཁན་དང་། བྲང་སྨད་ནས་ཁ་བཏགས་བསྒྲོན་མཁན་མང་དུ་མཆིས། ཡིན་ནའང་། རང་ཉིད་སྤྲང་བོར་གྱུར་ཚར་དུས་འཇིག་རྟེན་སྐྱེ་འགྲོ་ཐམས་ཅད་རང་གི་དགྲ་རུ་ལངས་འདུག་པ་ལྟར་སྣང་ནའང་། ད་དུང་རང་གི་གམ་ནས་གོམ་གང་ཡང་ཕྱི་ནུར་མི་བྱེད་པ་དེ་ནི་རང་ལ་བཀའ་དྲིན་ཆེ་བའི་ཨ་མའི་ཐུགས་བརྩེ་ཡིན།

ཉེ་སྔོན་ཨ་མས་ང་ལ་ཁ་པར་བཏང་ནས“ཨ་མའི་ལོ་ལོ། ད་ལྟ་དཔྱིད་མགོ་ཚུགས་མ་ཐག་ཡིན་པས་ཨ་མས་གྲོ་མ་རྐོ་བཞིན་ཡོད། ངའི་ལོ་ལོ་དབྱར་གནང་གི་སྐབས་སུ་ཡུལ་ལ་ཡོང་ནས་ཞོ་ཡི་མགོ་རུ་གྲོ་མ་གཏོར་ནས་འཐུང་ཆོག”ཅེས་དགའ་ལྷང་ལྷང་གིས་བཤད་པས། རང་གི་བསམ་པར་ཨ་མ་ནི་ཇི་འདྲའི་རླབས་ཆེ་བ་ལ་ཨང་སྙམ་ནས་མིག་མཐའི་མཆི་མ་དག་ནི་ཚམ་ཚོམ་མེད་པར་ས་རུ་འཐོར་སོང་བ་དང་། རང་ལ་མཚོན་ན་ཕྱིར་ཨ་མ་ལ་ཅི་ཡང་སྒྲུབ་མི་ནུས་པས་ཕུང་སེམས་ཆེན་པོ་ཞིག་གིས་ཡ་ཆུང་བཀང་ཡོང་། ཡིན་ཡང་ཕ་མའི་དྲིན་ལན་ནི་གཞལ་དུ་ཡོད་པ་ཞིག་ག་ལ་ཡིན།

དེའི་ཕྱིར་ཨ་མའི་སེམས་ནི་ནམ་ནམ་ཞར་ཞར་དུ་ལེ་བར་ཁྲི་སྟོང་བརྒལ་ནས་རང་གི་རྗེས་སུ་སྙེག་གིན་ཡོད་ལ། ཨ་མའི་སེམས་ནི་ཉི་མའི་འོད་དུ་འཁྲུལ་ནས་རང་གི་ལུས་སུ་ཕོག་གིན་ཡོད། དེ་མིན་ད་དུང་ཨ་མའི་སེམས་ནི་གངས་རི་དང་། རྩྭ་ཐང་། གྲོང་ཁྱེར། ད་དུང་བྲག་རི་སོགས་བརྡོལ་ནས་རང་གི་གམ་དུ་བཅར་ཅི་ཐུབ་བྱེད་ཀྱིན་ཡོད།

དེ་བས་ངའི་བསམ་པར་རང་གི་ཕ་མའི་སེམས་ཁ་མི་དཀྲུགས་པར་ཁོ་ཚོའི་ཐུགས་དང་མཐུན་པའི་ལབ་གླེང་རེ་བྱས་ནས་ཁོ་ཚོའི་བསམ་པར་རྒྱུས་ལོན་བྱེད་དགོས་པ་དང་། དུས་རྒྱུན་ཁོ་ཚོའི་འཁྲིས་སུ་ལོག་པར་བྱས་ནས་ཁོ་ཚོ་དང་ལྷན་དུ་དུས་ཚོད་འབའ་ཞིག་སྡོད་པར་བྱས་ན་ད་བཟོད་ཁོ་ཚོའི་དྲིན་ལན་ལ་ཁ་གསེབ་ཙམ་བྱས་ཡོད་པར་སྣང་། དེ་མིན་དམངས་ཁྲོད་ཀྱི་གཞས་ཤིག་ལས“ངའི་དྲིན་ཆེན་ཕ་མའི་དྲིན་ལན་འདི།། མགོ་དཀར་པོར་མ་འགྱུར་མ་ཤེས་ཐལ།། མགོ་དཀར་པོར་གྱུར་ནས་ཤེས་དུས་སུ།། ངའི་དྲིན་ཆེན་ཕ་མ་གང་ན་ཡོད།།”ཅེས་པ་ལྟར་ཕ་མ་གཉིས་ང་ཚོ་དང་གཏན་དུ་བྲལ་རྗེས། འགྱོད་ཀྱང་འཕྱིས་ཟིན་པ་རེད།

  • ལེ་ཚན་སྔོན་མ།:ཕ་ཡུལ། ཕ་ཡུལ།
  • ལེ་ཚན་རྗེས་མ།:ཕ་ཡུལ་དྲན་བྱུང་།