ལས་དབང་གིས་འཐག་པའི་བར་ཐག

གཡེར་མོ།        2020-04-01

སྐྱ་རེངས་ཀྱི་གོམ་འགྲོས་དང་བསྟུན་ཏེ།

དགུན་གསུམ་གྱི་རླུང་བུ་དང་མཉམ་དུ།

ཁོ་བོའི་གངས་དཀར་པོའི་འགྲམ་ནས།

དྲན་གདུང་གི་ཁ་བའི་མེ་ཏོག་ཡང་ཡང་གཏོར།

མཚན་མོ་གཉིད་མི་ཁུག་པའི་དོ་དགོང་ཁུ་སིམ་མེར།

རབ་ཏུ་འཕྱུར་བའི་རྦ་རླབས་དེས་དྲན་པ་ཡང་ཡང་མནར།

དབྱར་གྱི་ཆར་ཞོད་དང་བསྡེབས་ཏེ།

རི་འགོའི་སྨུག་སྤྲིན་དང་ལྷན་དུ།

ན་བུན་འཐིབས་པའི་སྤང་ལྗོངས་ནས།

ཁོ་མོས་དྲན་གདུང་གི་གླིང་བུ་དལ་གྱིས་བུས་ཏེ།

རང་ཡུལ་ནས་གཞན་ཡུལ་དྲན།

ལ་ཁའི་དར་ལྕོག་དང་མཚུངས་པའི་སེམས་པ་བྱེ་ཐང་ལ་བཀོད།

དུས་ཚིག་གིས་དུས་བཞི་བར་དུ་བཅད་པ་ནས།

ངས་རྒྱུན་ལྡན་ཆོས་ཁང་ནང་ནས་སྨོན་ལམ་ཡང་ཡང་བཏབ་མྱོང་།

ཡིན་ནའང་ད་ཆ་དབྱར་དགུན་གཉིས་ལྷན་འཛོམས་ཀྱི་སྐལ་བ་ཧ་ཅང་ཤིན་ཏུ་ཕྲ།

དེ་ལྟར་རང་ཡུལ་ནས་གཞན་ཡུལ་དྲན་ཞོར། རང་ཡུལ་ནས་གཞན་ཡུལ་དྲན་ཞོར།

སྐྱོ་གདུང་གི་རྒྱུས་སྐུད་དབྱངས་ལ་འགྲན།

  • ལེ་ཚན་སྔོན་མ།:རེ་ལྟོས།
  • ལེ་ཚན་རྗེས་མ།:གངས་ཅན་བོད་ཀྱི་བསྟོད་གླུ།