དཔྱིད་དཔལ།

ཐོས་གྲོལ།        2020-03-30

ནམ་ཟླ་དྲོད་ལ་བསླེབས་ཤིང་ནམ་མཁའ་སྔོ་སངས་སེ།།

ཐུར་འབབ་ཁ་བའི་རོལ་རྩེད་རེ་ཞིག་དལ་ཅག་གེར།།

སོག་ལེ་སོ་ཁ་བཞིན་གྱི་གྲང་རེག་རྒྱང་བཀྱེད་དེ།།

མཚེར་ཤུལ་སྐྱ་བོའི་འཛིན་མར་གཡུ་ཆུ་བྱུགས་ལ་རན།།

མི་རོ་རྟ་རོ་ལྟ་བུའི་ནགས་ཀྱི་ཡལ་ག་ལ།།

ལྗང་མྱུག་ལོ་མ་འབུས་ཤིང་གཉེན་ལྕུག་ལྡེམ་མྱུར་ལྡན།།

རྐང་དྲུག་ངག་སྙན་དང་ནི་གསེར་སྦྲང་གཤོག་ཡངས་ཀྱིས།།

མེ་ཏོག་ཞལ་ཁ་ཨེ་འབྱེད་དར་དིར་ཤུགས་ཀྱིས་སྒྲོག།

པིར་ཐོགས་སྒྱུ་འཕྲུལ་རྩལ་གྱིས་བཏང་བའི་ཕོ་ཉ་བ།།

ཕྱེ་ལེབ་ཁྲ་འཚུབ་མ་ཡི་ཡིད་འོང་གཤོག་ཟུང་གིས།།

གར་སྟབས་གང་སར་བསྒྱུར་བས་རྩྭ་ལྗང་ཕོན་པོ་དང་།།

མི་ཤིགས་ཆབ་རོམ་བྲང་གི་གཙང་ཆུ་མལ་ལས་ལྡང་།།

འཛམ་གླིང་ལན་གསུམ་བསྐོར་བའི་གྱི་ལིང་ཅང་ཤེས་ཀྱིས།།

ཤིང་རྟའི་ཁ་ལོ་གཅུས་ཏེ་མིག་ཟུང་ས་ལ་གཏད།།

དགུན་གྱི་ཐལ་དང་འབྱར་བའི་མི་ཕྱུགས་ཡོད་དོ་ལ།།

ཟོ་མདོག་བརྗིད་ཅིང་ཆེ་བ་ཆ་འཇོག་ཅི་ལྟར་འཚོལ།།

མི་མངོན་དབྱིངས་སུ་ཡུར་བའི་བགྲེས་སོན་གཡུ་འབྲུག་གིས།།

གཉིད་ཀྱི་སྨུག་པ་སངས་ཏེ་ངར་སྐད་གནམ་ས་གཉིས།།

ཡོམ་ཡོམ་དྲག་པོར་བསྒུལ་ཅིང་དྭངས་གསལ་མུ་ཏིག་གི།།

ཆར་བ་ཞག་ལྡན་སྐེ་ལ་རྒྱན་དུ་འཕེན་བར་ཉེ།།

སྟོན་གྱི་སྐྱོ་བས་བྲབ་པས་གཤོག་སྣེ་ལྷོར་འཐེན་པའི།།

སྤུ་སྡུག་འདབ་ཆགས་ཁྱུ་ཡང་མ་བོས་རང་འཕུར་གྱིས།།

བདག་གི་འཁྲིས་སུ་བཅར་ཏེ་གཉོམ་ཆུང་སྐད་སྙན་མོས།།

དཔྱིད་དཔལ་ལྷ་མོ་བསུ་བར་སྟ་གོན་གང་ལེགས་བགྱིད།།

             


  • ལེ་ཚན་སྔོན་མ།:གོས་དཀར་ལྷ་རྗེར་ཕུལ་བའི་སྙན་ཚིག་ཨུ་དུམ་ཝ་ར།
  • ལེ་ཚན་རྗེས་མ།:དཔྱིད་འགོའི་དྲན་པ།